ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ཁྲི་འཛིན་ ཀུན་ལེགས་གཡང་འཛོམས་དང་ སེམས་དོན་རིག་པའི་སྤེལ་ཁང་གི་གཙོ་འཛིན་ མཁན་པོ་སངས་རྒྱས་མཁའ་འགྲོ་༢ ཀྱི་བར་ན་ མཉམ་འབྲེལ་ཆིངས་ཡིག་ བརྗེ་སོར་འབད་བའི་བསྒང་།

སེམས་དོན་རིག་པའི་སྤེལ་ཁང་གིས་ ངན་ལྷད་སྔོན་འགོག་ལུ་ མཉམ་འབྲེལ་འབད་ནི།

༉ རྒྱལ་ཁབ་ནང་ ངན་ལྷད་སྔོན་འགོག་འབད་ནིའི་ནང་ མཉམ་འབྲེལ་ཡར་དྲག་དང་ སྒྲིང་སྒྲི་བཟོ་ཐབས་ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་དང་ གཞུང་དགེ་འདུན་གྲྭ་ཚང་གི་ སེམས་དོན་རིག་པའི་སྤེལ་ཁང་༢ ཀྱི་བར་ན་ ཁ་ཙ་ མཉམ་འབྲེལ་ཆིངས་ཡིག་གུ་ མཚན་རྟགས་བཀོད་ཅི།
དེ་ཡང་ སེམས་དོན་རིག་པའི་སྤེལ་ཁང་གིས་ ངན་ལྷད་ལུ་བརྟེན་ མི་སྡེ་ལུ་ གནོད་པ་དང་ ངན་ལྷད་ལུ་ བཟོད་བསྲན་མི་བསྐྱེད་ནིའི་ རྒྱུད་བསྐུལ་དང་ གོ་དོན་སྤེལ་ཐོག་ལས་ ངན་ལྷད་སྔོན་འགོག་འབད་ནིའི་ནང་ རྒྱབ་སྐྱོར་འབད་ནི་ཨིན་པས།
གོ་བརྡའི་ཆིངས་ཡིག་གུ་ མིང་རྟགས་བཀོད་མིའི་ གནད་དོན་གཞན་དེ་ སྤེལ་ཁང་བརྒྱུད་དེ་ ངན་ལྷད་དང་ ངན་ལྷད་བཀག་སྡོམ་གྱི་ གོ་བརྡའི་གནས་ཚད་དང་ ཁྱབ་ཚད་ཡར་དྲག་གཏང་ནི་ལུ་ཡང་ ལྷན་ཐབས་འབད་ནི་ཨིན་པས།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ཁྲི་འཛིན་ ཀུན་ལེགས་གཡང་འཛོམས་ཀྱིས་ སླབ་མིའི་ནང་ ལྷན་ཚོགས་ཀྱིས་ དྲང་སྤྱོད་རྒྱུན་སྐྱོང་འབད་ནི་དང་ ངན་ལྷད་ལུ་ བཟོད་བསྲན་རྩ་ལས་མེད་པའི་སྲོལ་ ཡར་འཕེལ་གཏང་ནི་ལུ་ བརྩོན་ཤུགས་བསྐྱེད་དོ་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ ལྷན་ཚོགས་ལུ་ ངན་ལྷད་ཀྱི་ གདོང་ལེན་འབད་ནིའི་དོན་ལུ་ ཞིབ་དཔྱད་ཀྱིས་མ་དོ་བར་ མི་མང་ཤེས་ཡོན་དང་ ངན་ལྷད་སྔོན་འགོག་འབད་ནིའི་ འགན་ཁུར་ཡང་ ཕོགཔ་ཨིན་རུང་ ལྷན་ཚོགས་རྐྱངམ་གཅིག་གིས་ ངན་ལྷད་ལུ་གདོང་ལེན་འབད་མི་ཚུགས་ནི་ཨིནམ་ལས་ ངན་ལྷད་དེ་ མགུ་རྙོགས་དྲགས་དང་ དུས་ཀྱི་འཕོ་འགྱུར་དང་འཁྲིལ་ ཐབས་ཤེས་གསར་པའི་ཐོག་ལས་ གདོང་ལེན་འབད་དགོ་ཟེར་ཨིན་པས།
མཉམ་འབྲེལ་ཆིངས་ཡིག་དེ་ མི་མང་དང་ སྒེར་སྡེ་ཚུ་ལུ་ གོ་བ་བརྡ་སྤྲོད་ཀྱི་ ལས་རིམ་འགོ་འདྲེན་འཐབ་ཐོག་ བསམ་སྤྱོད་ལེགས་བསྒྱུར་དང་ ངན་ལྷད་ལུ་ བཟོད་བསྲན་རྩ་ལས་མེད་པའི་ ཤེས་རྟོགས་ཅན་གྱི་ མི་སེར་བཟོ་ནི་དང་ གཙུག་སྡེ་༢ ཀྱི་བར་ན་ སྲིད་བྱུས་དང་ ཐབས་བྱུས་གཞི་བཙུགས་འབད་ཐབས་ལུ་ བཟོ་ཡོདཔ་ཨིན་པས།
ལྷན་ཚོགས་ཀྱི་ སྔོན་འགོག་དང་ མི་མང་ཤེས་ཡོན་ལས་ཁུངས་ཀྱི་མདོ་ཆེན་ ཀརྨ་འཕྲིན་ལས་ཀྱིས་ སླབ་མིའི་ནང་ གཙུག་སྡེ་༢ ཀྱི་ དམིགས་དོན་གཅིག་མཚུངས་ཨིན་མི་དེ་ཡང་ ལྷན་ཚོགས་ཀྱི་ ལཱ་འགན་༣ གྱི་གྲས་ལས་ གོ་བརྡ་སྤྲོད་པའི་སྐབས་ ངན་ལྷད་ཟེར་མི་དེ་ མ་རུང་བ་དང་ ཚུལ་མིན་གྱི་ བྱ་སྤྱོད་ཨིནམ་བཞིན་དུ་ དེ་ཚུ་བྱུང་དགོ་པའི་ གནད་དོན་གཙོ་བོར་ བསམ་པ་སེམས་བསྐྱེད་དང་ མནོ་བསམ་གཏང་ཐངས་ནང་ ནོར་འཁྲུལ་ཡོདཔ་བཟུམ་ མཐོང་ཡོདཔ་ལས་ བློ་སེམས་ལེགས་བཅོས་འབད་དགོ་པའི་ གོ་བརྡ་སྤྲོད་དོ་ཟེར་ཨིན་པས།
མདོ་ཆེན་གྱིས་འབད་བ་ཅིན་ དེང་སང་དང་ ཧེ་མ་ལས་ཡོད་པའི་ ངན་ལྷད་བཀག་ནིའི་ ཐབས་ལམ་ནང་ལས་ ཁེ་ཕན་སྟག་སྤྲོད་དང་ ཁྱོསམ་དང་ཕྱག་མཇལ་ གཞིས་གནས་གསལ་སྟོན་ དེ་ལས་ ཀུན་སྤྱོད་རྣམ་གཞག་ཚུ་ སྤེལ་ཁང་དང་ ལྷན་ཚོགས་ ཀྱིས་ མཉམ་འབྲེལ་ཐོག་ལས་ སྒྲིང་སྒྲི་བཟོ་དགོཔ་ཡོད་ཟེར་ཨིན་པས།
སྤེལ་ཁང་དང་ ལྷན་ཚོགས་ཀྱིས་ ལས་བྱེད་ཚོགས་ཆུང་ཅིག་ བཟོ་ཞིནམ་ལས་ མཉམ་འབྲེལ་ཆིངས་ཡིག་དེ་ ག་དེ་སྦེ་ ལག་ལེན་འཐབ་ནི་ཨིན་ནའི་ འཆར་གཞི་ཅིག་ ཟིན་བྲིས་བཏབ་ཞིནམ་ལས་ ཁྲི་འཛིན་དང་ གཙོ་འཛིན་གྱིས་ ཆ་འཇོག་གནང་ཐོག་ ཕྲལ་ཕུགས་༢ ཀྱི་ ལས་སྣ་ཚུ་བརྩམས་ཏེ་ ལག་ལེན་འཐབ་ནི་ཨིན་པས།
སེམས་དོན་རིག་པའི་ གཙོ་འཛིན་གྱིས་ བཤད་མིའི་ནང་ རྒྱལ་ཁབ་ནང་ བདེ་བ་དང་ སྡུག་བསྔལ་དེ་ ཞི་བདེ་ལས་ བྱུང་དོ་ཡོད་མི་དེ་ཡང་ ཞི་བདེ་ཡོད་པ་ཅིན་ བདེ་བ་དང་ སྡུག་བསྔལ་འབྱུང་ནི་ ཞི་བདེ་དེ་ མེད་པ་ཅིན་ བདེ་བ་དང་ སྡུག་བསྔལ་མི་འབྱུང་ཟེར་ ཨིནམ་བཞིན་དུ་ རྒྱལ་ཁབ་ནང་དང་ འཛམ་གླིང་ག་ཏེ་ར་འབད་རུང་ ཞི་བདེ་ལུ་གནོད་པའི་ ལཱ་ངོ་མ་དེ་ ངན་ལྷད་དེ་ཨིན་ཟེར་ཨིན་པས།
མཁན་པོ་སངས་རྒྱས་མཁའ་འགྲོ་གིས་ བཤད་མིའི་ནང་ ལྷན་ཚོགས་ཀྱི་ཁ་ཐུག་ལས་ ངན་ལྷད་བཀག་ནིའི་ ཐབས་ལམ་དང་ བྱ་སྒོའི་རིམ་པ་ སྣ་ཚོགས་སྒྲིག་དོ་ཡོདཔ་ད་ ཆོས་ཀྱི་ཁ་ཐུག་ལས་ ངན་ལྷད་བཀག་དགོ་པའི་ གཞི་སངས་རྒྱས་ཀྱི་གསུང་རབ་ནང་ ཡོད་མི་ཚུ་ ལམ་ལུགས་སྒྲིག་ཞིནམ་ལས་ མི་ལུ་ གོ་བ་བརྡ་སྤྲོད་འབད་དེ་ མཉམ་འབྲེལ་ཐོག་ལས་ འབད་བ་ཅིན་ རྒྱལ་ཁབ་ལུ་ ཕན་ཐོགས་འབྱུང་འོང་ཟེར་ཨིན་པས།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ མཐུན་ལམ་དང་ མཉམ་འབྲེལ་ཐོག་ལས་ མི་མང་དང་ སྒེར་སྡེ་དང་གཅིག་ཁར་ དྭངས་གསལ་ འགན་འཁྲི་དང་ དྲང་སྤྱོད་ཡར་འཕེལ་གཏང་ནི་དེ་ ཁག་ཆེ་ཟེར་ཨིནམ་ད་ མཉམ་འབྲེལ་ཆིངས་ཡིག་དེ་གིས་ སེམས་དོན་རིག་པའི་སྤེལ་ཁང་དང་གཅིག་ཁར་ ངན་ལྷད་སྔོན་འགོག་འབད་ནི་ལུ་ ཡུན་བརྟན་གྱི་ མཉམ་འབྲེལ་སྒྲིང་སྒྲི་བཟོ་ནི་ལུ་ ཕན་ཐོགས་འབྱུང་འོང་ཟེར་ཨིན་པས།
ད་ཚུན་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ རྒྱལ་ཁབ་ནང་ འབྲེལ་བ་ཅན་གྱི་ གཙུག་སྡེ་༢༣ དང་ མཉམ་འབྲེལ་ཆིངས་ཡིག་གུ་ མཚན་རྟགས་བཀོད་ཡོད་པའི་གནས་ཚུལ།

ཉིམ་རྡོ་རྗེ།

 

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *