སེམས་ཅན་གཞན་ཚུ་གི་ ཉེན་སྲུང་ལུ་ དཀར་སྦིས་སའི་སྟག་ སོ་སོར་བཞག་དགོཔ།

༉ ཐིམ་ཕུག་རྟ་བབ་ལུ་ཡོད་མི་ རི་དྭགས་སེམས་ཅན་ ཉམས་གསོ་ལྟེ་བའི་ནང་ ཡོངས་གྲགས་ལུ་ ཧཱ་བཟངམོ་ཟེར་མི་ ཧི་མ་ལ་ཡའི་ ལ་དོམ་མོ་ཅིག་ ཤི་རྐྱེན་བྱུང་མི་དེ་ སེམས་ཕམ་སི་སི་ཅིག་ཨིན་མས་ཟེར་ཞུ་ནི།
ཁ་ཙ་ ཀུན་གསལ་ནང་ཐོན་མི་ གནས་ཚུལ་དང་འཁྲིལ་བ་ཅིན་ ཧཱ་བཟངམོ་དེ་ འཕྲལ་ཁམས་ཅིག་ཁར་ དཀར་སྦིས་ས་ལས་ གཅན་གཟན་སྟག་ཕོ་ཅིག་ དྲན་མེད་བརྒྱལ་ནི་གི་ སྨན་ཁབ་རྐྱབ་སྟེ་ བཟུང་ཞིནམ་ལས་ མོ་བཞག་སའི་ ར་སྐྱོར་ནང་ བཙུགས་བཞག་པའི་ཤུལ་ལས་ འདྲོགས་པའི་ཤུགས་ཀྱིས་ ཤི་སོཔ་ལས་ སྤྱིར་བཏང་མི་མང་དང་ ལྟེ་བ་དེ་གི་ ཉེ་འདབས་ལུ་ སྡོད་མི་ཚུ་ལུ་ ཚ་གྱང་ལང་དགོ་པའི་ གནས་ཚུལ་ཅིག་ཨིན་མས།
སྐྱེས་ལོ་༦ ལང་མི་ ཧཱ་བཟངམོ་དེ་ ཉམས་གསོ་ལྟེ་བ་དེ་ནང་ སྤྱི་ལོ་༢༠༡༥ ལུ་ ཧཱ་ལུ་ མི་ཚུ་གིས་ ཧིང་བཀལ་བཞག་མིའི་ནང་ཚུད་ཡོད་མི་ལས་ སྲོག་སྐྱབས་འབད་བའི་ཤུལ་ལུ་ རྟ་བབ་ལུ་ འབག་འོང་ཡོདཔ་ད་ སྤྱི་ཟླ་༣ པའི་ཚེས་༢༢ ལུ་ འཇིགས་སྣང་ཅན་གྱི་ སྟག་སྦོམ་ཅིག་ དོམ་བཞག་སའི་ ར་སྐྱོར་དང་ མཉམ་སྦྲགས་ བཞག་པའི་སྐབས་ ལ་དོམ་དེ་ འདྲོག་བྱེལ་འཐབ་སྟེ་ དེ་གི་ནངས་པར་ ཤི་རྐྱེན་བྱུང་མི་ལུ་ བལྟ་བ་ཅིན་ རི་དྭགས་སེམས་ཅན་ཉམས་གསོ་ལྟེ་བ་གིས་ སྔ་གོང་ལས་ གྲ་སྒྲིག་མ་འབད་བའི་ འཐུས་ཤོར་བཟུམ་ཅིག་སྦེ་ མཐོངམ་མས་ཟེར་ཞུ་ནི།
མ་གཞི་ ད་ཚུན་གྱི་བར་ན་ ལྟེ་བའི་འགོ་དཔོན་ཚུ་གིས་ ཧཱ་བཟངམོ་དེ་ ལེགས་ཤོམ་སྦེ་ བདག་འཛིན་འཐབ་སྟེ་ བཞག་ཡོད་རུང་ གཅན་གཟན་སྟག་དེ་ རྣམ་རྟོག་ལང་སི་སི་སྦེ་ ཁྲོམ་སྡེའི་སྦོ་ལོགས་ཁར་ ཐོན་འོངམ་ད་ གཙོ་རིམ་དེ་ སྟག་ལུ་བཟུང་མི་ལུ་བརྟེན་ དོམ་དེ་ སྣང་མེད་སྦེ་བཞག་ཡོདཔ་བཟུམ་འདུག་ཟེར་ཞུ་ནི།
འགོ་དཔོན་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཧཱ་བཟངམོ་དེ་ ལོ་ངོ་༦ གི་ཧེ་མར་ ཧིང་ནང་ཚུད་པའི་སྐབས་ རྐངམ་ཅིག་གི་ སྡེའུ་ཞ་ཅིག་ བཏོག་བཏང་ཡོདཔ་ལས་ དུས་ཚོད་མང་ཤོས་ར་ དོམ་བཞག་སའི་ ར་སྐྱོར་ནང་ སྒྲོམ་ཅིག་བཟོ་ཡོད་མི་དེ་ནང་ སྡོད་ཡོདཔ་མ་ཚད་ ལྟོ་ཡང་ལེགས་ཤོམ་སྦེ་ ཟ་ནི་མེད་ཟེར་ཨིན་རུང་ ཤི་རྐྱེན་དེ་ ངོ་མ་ར་ སྟག་དང་གཅིག་ཁར་བཞག་པའི་རྐྱེན་ལུ་བརྟེན་ཨིན་ཟེར་ སླབ་མི་དེ་ མ་བདེནམ་ཅིག་ མི་འོང་ནི་མས་ཟེར་ཞུ་ནི།
ག་འཆརཔ་ཟེར་བ་ཅིན་ ནགས་ཚལ་ནང་ འཁྱམས་སྡོད་མི་ རི་དྭགས་སེམས་ཅན་ཚུ་ གཅན་གཟན་སྟག་ལུ་ འདྲོག་དོ་ཡོདཔ་མ་ཚད་ དཀར་སྦིས་སའི་སྟག་དེ་ ལྟེ་བ་དེ་གི་ ར་སྐྱོར་ནང་ བཞག་ཡོདཔ་ལས་ ཧཱ་བཟངམོ་བཞག་ས་དང་ སྟག་གི་བར་ན་ ལྕགས་དུམ་གྱི་ ར་བ་བསྒོར་ཏེ་ཡོད་མི་ལས་ ཧཱ་བཟངམོ་གིས་ སྟག་ཧིང་སངས་ས་སྦེ་ མཐོང་ཚུགས་ནི་དེ་གིས་ ལ་དོམ་དེ་ འདྲོག་འཇིགས་དང་ སྤྱག་སྡུག་འཐབ་ཡོདཔ་ ངེས་བདེན་ཨིན་མས་ཟེར་ཞུ་ནི།
ད་རུང་ ལྟེ་བ་དེ་ནང་ རི་དྭགས་སེམས་ཅན་ དག་པ་ཅིག་ཡོད་མིའི་གྲས་ལས་ སྤྱ་༡ ཡོད་མི་དེ་ སྐད་རྐྱབ་སྟེ་ ཁུ་སིམ་སི་སྦེ་ སྡོད་ནི་མེད་རུང་ སྟག་དེ་ ས་ཁོངས་ནང་ ལྷོད་ཞིནམ་ལས་ཚུར་ འདྲོག་བྱེལ་འཐབ་སྟེ་ ད་ལྟོ་ ཁུ་སིམ་སི་སྦེ་ སྡོད་ཡོད་པའི་ ལོ་རྒྱུས་ཡང་འདུག་ཟེར་ཞུ་ནི།
འདི་འབདཝ་ལས་ ད་ལྟོ་ཡོད་མི་ སེམས་ཅན་ཚུ་ཡང་ སྟག་ལུ་བལྟ་སྟེ་ འདྲོགས་པའི་ཤུགས་ཀྱིས་ ཧཱ་བཟངམོ་བཟུམ་སྦེ་ ཤི་རྐྱེན་འབྱུང་ནི་གི་ ཉེན་ཁ་ཡོདཔ་ལས་ སེམས་ཅན་དེ་ཚུ་གི་ ཉེན་སྲུང་ལུ་དམིགས་ཏེ་ དཀར་སྦིས་སའི་ སྟག་དེ་ ས་ཁོངས་གཞན་ཅིག་ནང་ བཞག་ནི་གི་ ཐབས་ལམ་བཏོན་དགོཔ་འདུག་ཟེར་ ཞུ་ནི་ཨིན།

བཀྲིས་རྡོ་རྗེ།
ཐིམ་ཕུག་ཁྲོམ།

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *