སེམས་ཁམས་དང་འབྲེལ་བའི་ ནད་གཞི་གི་སྐོར་ལས་ གྲོས་བསྡུར་ལས་རིམ།

༉ ཁ་ཙ་ ཐིམ་ཕུག་ ལྕང་ཇི་ཇི་ན་གཞོན་ལྟེ་བ་གིས་ འགོ་འདྲེན་ཐོག་ལས་ ཨའེ་བེསཊི་གི་སྤྱི་དོན་ཁང་ནང་སྦེ་ སེམས་ཁམས་དང་འབྲེལ་བའི་ནད་གཞི་གི་སྐོར་ལས་ གྲོས་བསྡུར་ལས་རིམ་ཅིག་ འགོ་འདྲེན་འཐབ་ཅི།

ལས་རིམ་ནང་ འཇིགས་མེད་རྡོ་རྗེ་དབང་ཕྱུག་ གཙོ་བསྟེན་སྨན་ཁང་གི་ སེམས་ཁམས་མཁས་མཆོག་ ཌོག་ཊར་བཙན་སྐྱོགས་རྡོ་རྗེ་གིས་ ན་གཞོན་༢༥ དེ་ཅིག་ལུ་ སེམས་ཁམས་དང་འབྲེལ་བའི་ནད་གཞི་གི་སྐོར་ལས་ གསལ་བཤད་འབད་ཡོདཔ་བཞིན་དུ་ ནད་གཞི་དེ་ གནད་དོན་ག་ཅི་ལུ་བརྟེན་ཐོབ་ཨིན་ན་ ན་གཞོན་ཚུ་ལུ་ དྲི་བ་བཀོད་ཐོག་ལས་ ལས་རིམ་འགོ་བཙུགས་ཅི།

ཁོ་གིས་ སླབ་མིའི་ནང་ བཱུ་ཊན་གཱོ་བཱལ་སློབ་གྲྭའི་བརྟག་ཞིབ་སྙན་ཞུ་དང་འཁྲིལཝ་ད་ ན་གཞོན་ཚུ་ལུ་ སེམས་ཁམས་དང་འབྲེལ་བའི་ནད་གཞི་ཐོབ་མི་དེ་ ག་ཅི་ར་འབད་རུང་ སེམས་ཚབ་འཚུབ་འབད་མི་དང་ བློ་ཕམ་སྡོད་མི་ལུ་བརྟེན་ ན་གཞོན་མང་ཤོས་ར་ རང་སྲོག་བཅད་དགོ་པའི་ གནད་དོན་ཐོན་ཡོདཔ་སྦེ་ སྙན་ཞུ་ནང་བཀོད་ནུག་ཟེར་ཨིན་པས།

ཌོག་ཊར་བཙན་སྐྱོགས་རྡོ་རྗེ་གིས་ སླབ་མིའི་ནང་ ན་གཞོན་ཚུ་ལུ་ སྟབས་བ་བདེཝ་བྱུང་བའི་སྐབས་ལུ་ རང་སོའི་དཀའ་ངལ་བཤད་ས་མེད་པའི་ གནད་དོན་ལུ་བརྟེན་ སེམས་ཁམས་ཀྱི་ནད་གཞི་ཐོབ་ཡོད་པའི་ སྙན་ཞུ་འདུག་ཟེར་ཨིནམ་ད་ དཀའ་ངལ་དེ་ རང་སོའི་ཕམ་དང་ ཆ་རོགས་ག་གིས་འབད་རུང་ དཀའ་ངལ་བྱུང་མི་ལུ་ ཉན་ནིའི་དུས་ཚོད་བྱིན་པ་ཅིན་ སེམས་ཁམས་ཀྱི་ནད་གཞི་དེ་ བཀག་ཚུགས་ཟེར་ཨིན་པས།

རྒྱལ་ཁབ་ནང་ མི་༥ ལས་༡ གིས་ སེམས་ཁམས་ཀྱི་ནད་གཞི་ཐོབ་སྟེ་འདུག་ཟེར་ ཌོག་ཊར་བཙན་སྐྱོགས་རྡོ་རྗེ་གིས་བཤད་པའི་ཁར་ ནད་གཞི་ཐོབ་མི་དེ་ཡང་ ན་གཞོན་ཚུ་ལུ་ཡོད་པའི་དཀའ་ངལ་ཚུ་ སྣང་མེད་བཞག་མི་དང་ རེ་ཐག་ཆད་མི་གནད་དོན་ལུ་བརྟེན་ཏེ་ཨིནམ་ད་ ལ་ལོ་སྨྱོ་རྫས་དང་ཆང་ལུ་བརྟེན་ ནད་གཞི་ཐོབ་ནུག་ཟེར་ཨིན་པས།

སྙན་ཞུ་དང་འཁྲིལ་བ་ཅིན་ རྒྱལ་ཁབ་ནང་ སེམས་ཁམས་ཀྱི་ནད་གཞི་དང་ རང་སྲོག་རང་གིས་བཅད་མི་དེ་ ལོ་༡༣ ལས་༡༧ གྱི་བར་ན་འདུག་ཟེར་ཨིནམ་ད་ ཆ་རོགས་མེད་པའི་སྐྱོ་སྣང་དང་ ཨ་རྟག་ར་ ཚ་གྱང་ལང་སྡོད་མི་ ཚུ་བཟུམ་སྦེ་ རང་སྲོག་བཅད་ནིའི་དཔའ་བཅམ་མི་ཚུ་ སེམས་ཁམས་ཀྱི་ ནད་གཞི་ཡོད་པའི་གནད་དོན་ལུ་བརྟེན་ཨིན་པའི་ སྙན་ཞུ་ནང་བཀོད་ནུག།

རྒྱལ་ཁབ་ནང་ ཆ་རོགས་མེད་པར་སྐྱོ་སྣང་ཐོག་སྡོད་མི་ ན་གཞོན་བརྒྱ་ཆ་༡༢.༤ དང་ ཨ་རྟག་ར་ ཚ་གྱང་ལང་སྡོད་མི་བརྒྱ་ཆ་༧.༦ དེ་ལས་ རང་སྲོག་བཅད་ནིའི་ དཔའ་བཅམ་མི་བརྒྱ་ཆ་༡༡.༣ འདུག་ཟེར་ཨིནམ་ད་ རང་སྲོག་བཅད་ནིའི་མནོ་བསམ་བཏང་མི་བརྒྱ་ཆ་༡༡.༦ དང་ རང་སྲོག་བཅད་ནིའི་འཆར་གཞི་བརྩམས་མི་ བརྒྱ་ཆ་༡༣.༧ འདུག་ཟེར་ཨིན་པས།

སེམས་ཁམས་ཀྱི་མཁས་མཆོག་གིས་ སླབ་མིའི་ནང་ རྩུབ་སྤྱོད་ལུ་བརྟེན་ཏེ་ སེམས་ཁམས་ཀྱི་ནད་གཞི་ཐོབ་མི་ཡང་ སྐྱེས་ལོ་༡༣ དང་༡༧ གྱི་བར་ན་འབད་མི་ ལེ་ཤ་འདུག་ཟེར་ཨིནམ་ད་ དེ་ཡང་ ཤུགས་བཙོང་མི་བརྒྱ་ཆ་༤༣.༧ དང་ དབང་བཙོང་ཐོག་ལས་ ལུས་འབྲེལ་འབད་མི་བརྒྱ་ཆ་༧.༡ དེ་ལས་ ན་གཞོན་བརྒྱ་ཆ་༤༠.༢ དེ་ཅིག་ འཐབ་འཛིང་ནང་ འབྲེལ་གཏོགས་འབད་བའི་གནད་དོན་ཚུ་ཨིན་པས།

ཁོ་གིས་ སླབ་མིའི་ནང་ སེམས་ཁམས་ཀྱི་ནད་གཞི་ བཀག་ཐབས་འབད་མ་ཚུགསཔ་མེད་ཟེར་ཨིནམ་ད་ རང་གི་སེམས་དེ་ དགའ་ཏོག་ཏོ་སྦེ་བཞག་དགོ་པ་ཅིན་ ཨ་རྟག་ར་ ལུས་སྦྱོང་འབད་དགོ་པའི་ཁར་ གཞན་ལུ་ལེགས་ཤོམ་འབད་ནི་དང་ རང་སོའི་བཟའ་ཚང་ལུ་ དུས་ཚོད་བྱིན་དགོ་ཟེར་ཨིན་པས།

ལས་རིམ་དེ་ ཨ་ལོའི་སྲོག་སྐྱབས་མ་དངུལ་གྱི་ རྒྱབ་སྐྱོར་ཐོག་ལས་ ལྕང་ཇི་ཇི་ན་གཞོན་ལྟེ་བ་གིས་ འགོ་འདྲེན་འཐབ་ཡོད་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ།

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *