༉ རྒྱལ་ཁབ་ནང་ ཧེ་མ་དང་ཕྱདཔ་ད་ སེམས་ཁམས་ཀྱི་ནད་གཞི་ཐོབ་མི་ ལོ་བསྟར་བཞིན་དུ་ ཡར་སེང་འགྱོ་མི་དེ་ རྒྱལ་ཡོངས་ཀྱི་འཕྲོད་བསྟེན་ལུ་ ཚ་གྱང་ཆེ་ཤོས་ཅིག་ཨིན་མས།
ཨིན་རུང་ འཚོ་བའི་གནས་སྟངས་དང་འབྲེལ་བའི་ནད་གཞི་ དཔེ་འབད་བ་ཅིན་ ཀེན་སར་གྱི་ནད་གཞི་དང་ གུ་རམ་གྱི་ནད་གཞི་ དེ་ལས་ དོན་ཧིང་གི་ནད་གཞི་ཚུ་ རྒྱལ་ཁབ་ནང་ ཤི་རྐྱེན་གྱི་ རྒྱུ་རྐྱེན་ངོ་མ་ཅིག་ཨིནམ་ལས་ འདི་དང་ཕྱདཔ་ད་ སེམས་ཁམས་ཀྱི་ནད་གཞི་དེ་ སྤྱིར་བཏང་གི་ ནད་གཞི་བཟུམ་ཅིག་སྦེ་ ཚོརཝ་ཨིན་མས།
སེམས་ཁམས་དང་འབྲེལ་བའི་ ནད་གཞི་དེ་ མང་ཤོས་ར་ རིགས་བརྒྱུད་དང་ སྐྱེ་རྒྱུན་ སེམས་ཁམས་རྒྱུན་གནས་ དེ་ལས་ མཐའ་འཁོར་གྱི་གནད་དོན་ཚུ་ལུ་བརྟེན་ ཐོབ་ནི་དེ་གིས་ སྨན་བཅོས་ལས་ལྷག་པའི་ བཅོ་ཐབས་གཞན་ཚུ་ཡང་ བལྟ་དགོཔ་འདུག།
དེ་འབདཝ་ལས་ དཀའ་ངལ་འདི་ སེལ་ཐབས་འབད་ནིའི་དོན་ལུ་ གསོ་བའི་ལྷན་ཁག་གིས་ ཐབས་ལམ་དང་ འཆར་གཞི་ཚུ་ ངེས་བརྟན་བཟོ་དགོཔ་འདུག།
ང་བཅས་རའི་ འབྲུག་པའི་མི་སྡེ་ནང་ གཞན་དལ་གཞི་ དགའ་སྐྱིད་ལྡན་པའི་གནས་སྟངས་ནང་ རང་སྲོག་བཅད་དགོ་པའི་ གནད་དོན་འདི་ ཡར་འཕར་འགྱོ་དགོཔ་ཅིག་མེད་རུང་ གཙོ་བོ་སེམས་ཁམས་ཀྱི་ ནད་གཞི་དེ་ རང་བཞིན་གྱི་ རྐྱེན་ངན་ཅིག་གིས་སྦེ་ ལོ་བསྟར་བཞིན་དུ་ རང་སྲོག་བཅད་མིའི་གྱངས་ཁ་དེ་ ཡང་སེང་འགྱོ་བའི་ མངོན་གསལ་བྱུངམ་ཨིན་མས།
ད་རེས་ནངས་པ་ སྤྱིར་བཏང་མཐོང་སྣང་ལུ་ལྟཝ་ད་ ཕོ་སྐྱེས་ཨིན་རུང་འདྲ་ ཨམ་སྲུ་ཨིན་རུང་འདྲ་ ལྟ་རྟོག་པ་ཚུ་གིས་འབད་བ་ཅིན་ སེམས་ཁམས་ཀྱི་ནད་གཞི་ དཔེ་འབད་བ་ཅིན་ སེམས་ཚབ་ཚུབ་འབད་ནི་དང་ འདྲོག་བྱེལ་འཐབ་ནི་ སེམས་སྐྱོ་ནི་ དེ་ལས་ སེམས་ནད་ཡོད་མི་ མངམ་གིས་ར་ རང་སྲོད་བཅད་དོ་ཡོད་པའི་ ཤེས་རྟོགས་བྱུང་ནུག།
འབྲུག་འདི་ ཆོས་ལྡན་གྱི་རྒྱལ་ཁབ་ཅིག་ཨིན་པའི་ཁར་ གཞུང་གིས་འབད་རུང་ གོང་འཕེལ་གྱི་ལས་སྣ་དང་ འཆར་གཞི་ཚུ་ ག་ཅི་ར་འབད་རུང་ མི་སེར་གྱི་ དགའ་སྐྱིད་དང་ཞི་བདེ་ལུ་དམིགས་ཏེ་ རྩམ་དོ་ཡོདཔ་མ་ཚད་ དམིགས་བསལ་དུ་ ན་གཞོན་ཚུ་ ཉེན་སྐྱོབ་འབད་ནིའི་ ཐབས་བྱུས་བཟང་པོ་ཚུ་ལུ་ གཙོ་རིམ་བཟུང་དོ་ཡོད་རུང་ སྤྱི་ལོ་༢༠༡༦ ལུ་ རྒྱལ་ཁབ་ནང་ རང་སྲོག་བཅད་མིའི་གནད་དོན་༩༢ ཐོན་མི་དེ་ འདས་པའི་ལོ་ནང་༡༠༦ ལུ་ ཡར་སེང་སོང་ནུག།
འདས་པའི་ལོ་ནང་ སྙན་ཞུ་དང་འཁྲིལཝ་ད་ རང་སྲོག་བཅད་པའི་གནད་དོན་༢༧ ཐོན་མི་ཚུ་ སྐྱེས་ལོ་༢༡ ལས་༣༠ གི་བར་ན་ འབད་མི་ཚུ་ཨིན་མས།
རང་སྲོག་བཅད་པའི་ གནད་དོན་དེ་ བཀག་ཐབས་འབད་ནིའི་དོན་ལུ་ གཅིག་ ང་བཅས་རའི་ མི་སྡེ་གི་འཕྲོད་བསྟེན་ཡང་ བལྟ་དགོཔ་ཡོདཔ་ད་ གལ་སྲིད་ ན་གཞོན་ཚུ་གིས་ སྨྱོ་རྗས་ལག་ལེན་འཐབ་པ་ཅིན་ དེ་གིས་ སེམས་ཁམས་ཀྱི་ནད་གཞི་ཐོབ་པའི་ཁར་ ལཱ་གཡོག་མ་འཐོབ་པའི་གནས་སྟངས་ སྐྱོ་དྲགས་འགྱོ་མི་དེ་གིས་ ལྷག་པར་དུ་ ན་གཞོན་ཚུ་ནང་འཁོད་ལུ་ དབུགས་འགམ་འབྱུང་ནི་དང་ སེམས་སྐྱོ་ནི་ཨིནམ་ལས་ གདོང་ལེན་སྦོམ་སྦེ་ར་ འབྱུང་ནི་ཨིན་མས།
གསོ་བའི་ལྷན་ཁག་གིས་ འཆར་གཞི་༡༢ པའི་ནང་ སེམས་ཁམས་དང་འབྲེལ་བའི་ ནད་གཞི་ཚུ་ལུ་ གདོང་ལེན་འབད་ནིའི་དོན་ལས་ མ་དངུལ་ དངུལ་ཀྲམ་ས་ཡ་༦༠ གི་ གྲོས་འཆར་བཀོད་མི་དེ་ གནས་ཚུལ་ལེགས་ཤོམ་ཅིག་ཨིན་མས།
དེ་འབདཝ་ད་ སེམས་ཁམས་ནད་གཞི་ཚུ་གི་ སྨན་བཅོས་དང་འཛིན་སྐྱོང་ནང་ བར་འབྲེལ་གང་མང་འཐབ་དགོཔ་མ་ཚད་ ལྟ་རྟོག་དང་བརྟག་ཞིབ་ ལྕོགས་གྲུབ་ཡར་སེང་ དེ་ལས་ རང་སྲོག་བཅད་ནི་ལས་ སྔོན་འགོག་འབད་ནིའི་ ཐབས་ལམ་ཚུ་ ངེས་བརྟན་བཏོན་དགོཔ་འདུག།
གལ་ཆེ་ཤོས་དེ་ར་ མི་སྟོབས་ཡར་སེང་དང་ མཐུན་རྐྱེན་ཚུ་ སྒྲིང་སྒྲི་བཟོ་དགོ་པའི་ཁར་ བསྐྱར་གསོ་ལྟེ་བ་ཚུ་ཡང་ ཡར་དྲག་གཏང་དགོཔ་འདུག།
Check Also
ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།
༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …