སེངྒེ་ཆུ་གུ་ བཟོ་སྐྲུན་འབད་མི་ ཟམ་གསརཔ།

སེངྒེ་ཆུ་གུ་ བཟོ་སྐྲུན་འབད་མི་ ཟམ་གསརཔ་དེ་གིས་ གུང་པ་༡༢༠ ལུ་ ཕན་ཐོགས་འབྱུང་ནི།

༉ ཆུ་ཁ་རྫོང་ཁག་ སེངྒེ་ཆུ་གུ་ ཟམ་གསརཔ་བཟོ་སྐྲུན་འབད་མི་དེ་གིས་ བསམ་འཕེལ་གླིང་གཡུས་ཚན་གྱི་ གུང་པ་༡༢༠དེ་ཅིག་ལུ་ ཕན་ཐོགས་འབྱུང་ནི་ཨིན་པས།
བསམ་འཕེལ་གླིང་རྒེད་འོག་གི་ གཡུས་ཚན་པཱ་ན་ ཀ་ཁ་ག་དང་ ཀོ་ཐི་ལཱན་ ཌ་ར་གོང་དང་ ཁའི་བ་ཊར་ཚུ་ནང་ ད་ལས་ཕར་ སྣུམ་འཁོར་འགྲོ་འགྲུལ་འབད་བཏུབ་པའི་ སེངྒེ་ཆུ་གུ་ ལྕགས་ཟམ་ཅིག་ བཟོ་སྐྲུན་འབད་དེ་ཡོདཔ་ཨིན་པས།
མ་གཞི་ ཟམ་དེ་གི་ འགོ་འབྱེད་རྟེན་འབྲེལ་ ད་ལྟོ་ མ་འབད་བར་ཡོདཔ་ཨིན་རུང་ སྤྱི་ཟླ་༨ པའི་ཚེས་༧ ལས་ འགོ་བཙུགས་ཏེ་ སྣུམ་འཁོར་རྒྱུན་འགྲུལ་འཐབ་ནི་ འགོ་བཙུགས་ཡོདཔ་ཨིན་པས།
ཕིཊ་༧༠འབད་མི་ ལྕགས་ཟམ་དེ་གིས་ ལྗིད་ཚད་མེ་ཊིག་ཊཱན་༧༠ འབག་ཐལ་དོ་ཡོདཔ་ད་ ཟམ་དེ་ ཧེ་མའི་ཟམ་ དུམ་གྲ་ཅིག་ འོག་ལུ་ཡོདཔ་ཨིན་པས།
ཟམ་དེ་གུ་ལས་ སྣུམ་འཁོར་འགྲོ་འགྲུལ་འབད་ནི་ འགོ་བཙུགས་མི་དེ་གིས་ གཡུས་ཚན་༦ གི་ མི་སེར་ཚུ་གིས་ གནམ་བྱཱར་ཆར་ཆུ་གིས་སྦེ་ ཆུ་བྲེས་ཏེ་ ཆུ་བརྒལ་མ་ཚུགས་པའི་ ཚ་གྱང་ལང་དགོཔ་མེདཔ་མ་ཚད་ ཁྱིམ་གུང་པ་༡༢༠ གི་ མི་སེར་ལུ་ ཕན་ཐོགས་བྱུང་ཡོདཔ་ཨིན་པས།
པ་ན་ཁ་པ་གཡུས་ཚན་ལས་ བུ་དྷ་ནི་རའི་གིས་ བཤད་མི་དང་འཁྲིལཝ་ད་ ཟམ་དེ་གིས་ ཁོང་གི་ དཀའ་ངལ་སེལ་ཡོདཔ་ལས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལུ་ བཀའ་དྲིན་བསམ་དོ་ཟེར་ ཨིན་པས།
སྐྱེས་ལོ་༤༨ ལང་མི་ བུ་དྷ་ནི་རའི་གིས་ འབད་བ་ཅིན་ ད་ལྟོ་ཚུན་ཚོད་ཀྱི་བར་ན་ མི་སེར་ཚུ་གིས་ གནམ་བྱཱར་གྱི་དུས་ཚོད་ལུ་ ཆུ་བྲེས་པའི་སྐབས་ རང་གི་སྲོག་ལུ་ ཉེན་ཁ་འབག་སྟེ་ ཆུ་བརྒལ་སྲོལ་ཡོད་མི་དེ་ ད་ལས་ཕར་ ཆུ་བརྒལ་མ་ཚུགས་པའི་ ཚ་གྱང་ལང་མ་དགོ་པར་ སེམས་དགའཝ་མས་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ ས་གནས་ནང་གི་ མི་སེར་ཚུ་གིས་ གནམ་བྱཱར་གྱི་ཚ་གྱང་ཟེར་རུང་ སེངྒེ་ཆུ་བྲེས་ཏེ་ ཆུ་བརྒལ་མ་ཚུགས་པའི་ ཚ་གྱང་དེ་ར་ ཨིན་ཟེར་ཨིན་པས།
སེངྒེ་ཆུ་ཟམ་མེད་པའི་བསྒང་ལས་ ཆུ་བརྒལ་ནིའི་ དཀའ་ངལ་ཡོདཔ་ལས་ ས་གནས་ཀྱི་མི་སེར་ཚུ་གིས་ ས་མཚམས་ཀྱི་ས་གནས་ མང་ལ་བ་རི་ལས་ གནས་སྐབས་ཀྱི་ཟམ་གུ་ མི་རེ་གིས་ དངུལ་ཀྲམ་༥ ལས་༡༠ ཚུན་སྤྲོད་ཐོག་ལས་ འགྱོཝ་ཨིན་ཟེར་ཨིན་པས།
ཀོ་ཐི་ལིང་གི་གཡུས་མི་ པེ་རེམ་བྷ་དུར་ཁར་ཀི་གིས་ བཤད་མི་དང་འཁྲིལཝ་ད་ ཟམ་དེ་གིས་ མི་སེར་ཚུ་ལུ་ བརྒྱ་ཆ་ལས་ བརྒྱ་སྦེ་ར་ ཕན་ཐོགས་ཡོད་ཟེར་ཨིན་པས།
ཟམ་མཐུད་སྦྲེལ་འབད་མི་དེ་གིས་ གཡུས་ཁའི་མི་ཚུ་ལུ་ ན་ཚ་རེ་འབྱུང་རུང་ འཕྲལ་མགྱོགས་སྦེ་ སྨན་ཁང་ནང་ སྐྱེལ་འདྲེན་འབད་ཚུགས་ནི་ཨིནམ་མ་ཚད་ རྒེད་འོག་གི་ འཛོམས་འདུ་ཡོད་དེ་འབད་རུང་ དུས་ཚོད་ཁར་ ལྷོད་ཚུགས་ནི་མས་ཟེར་ཨིན་པས།
ཟམ་མཐུད་སྦྲེལ་འབད་མི་དེ་གིས་ གཡུས་ཁའི་མི་སེར་ཚུ་གིས་ ནོར་གྱི་གྱངས་ཁ་ཡར་སེང་འབད་ནི་ འགོ་བཙུགས་ཅི་ཟེར་ཨིནམ་ད་ ཟམ་མེད་པའི་བསྒང་ལས་ སོ་ནམ་གྱི་ཐོན་སྐྱེད་དང་ སྒོ་ནོར་གྱི་ཐོན་སྐྱེད་ཚུ་ ཁྲོམ་ཁར་འབག་འོང་མ་ཚུགས་པའི་ དཀའ་ངལ་ཡོདཔ་ལས་ སེམས་ཤུགས་ཉམས་འགྱོཝ་མས་ཟེར་ཨིན་པས།
བསམ་འཕེལ་གླིང་རྒཔོ་ མ་ནི་ཀུ་མར་ རའི་གིས་འབད་བ་ཅིན་ ཆུ་མེད་ཐང་གི་ སློབ་ཕྲུག་མང་ཤོས་ཅིག་ ཟམ་མེད་པའི་དཀའ་ངལ་ལུ་བརྟེན་ ད་ལྟོ་ཚུན་ཚོད་ཁང་གླར་ལེན་སྡོད་དེ་ སློབ་སྦྱོང་འབད་མི་དེ་ཡང་ ད་ལས་ཕར་ སློབ་གྲྭ་ནང་ལས་ ཕྱི་རུ་ལོག་ཁྱིམ་ནང་ འགྱོ་ཚུགས་ནི་མས་ཟེར་ཨིན་པས།
ཟམ་དེ་ལུ་བརྟེན་ ཅ་ཆས་ག་བཟུམ་ར་ སྐྱེལ་འདྲེན་འབད་དགོ་རུང་ དཀའ་ངལ་མི་འབྱུང་ནི་ཨིནམ་ལས་ མི་སེར་གྱི་ དཔལ་འབྱོར་གོང་འཕེལ་གཏང་ནི་ལུ་ ལྷན་ཐབས་འབྱུང་ཚུགས་ནི་མས་ཟེར་ རྒཔོ་གིས་བཤད་ཅི།
རྒཔོ་གིས་འབད་བ་ཅིན་ ཟམ་དེ་ འགོ་འབྱེད་མ་འབདཝ་ལས་ར་ སྣུམ་འཁོར་རྒྱུན་འགྲུལ་འཐབ་བཅུག་མི་དེ་ཡང་ གནམ་བྱཱར་ཆུ་བྲེས་པའི་ དཀའ་ངལ་ཡོད་ནི་དེ་གིས་ ཨིན་པས།
ཟམ་བཟོ་སྐྲུན་གྱི་ལཱ་དེ་ སྤྱི་ལོ་༢༠༡༦ ཟླ་༡༡ པའི་ཚེས་༢༨ ལུ་ འགོ་བཙུགས་ཡོདཔ་བཞིན་དུ་ གཞུང་གིས་ ཟམ་བཟོ་སྐྲུན་གྱི་དོན་ལུ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༥ བཏང་ཡོདཔ་ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཡེ་ཤེས་སྒྲོལ་མ།

About admin

Check Also

ཆུ་ཁ་རྫོང་ཁག་གི་ འདེམས་ངོ་ཚུ་གིས་ ཁྲིམས་ལུགས་དང་ སྲིད་བྱུས་ཚུ་ བསྐྱར་ཞིབ་འབད་ནི་ལུ་ གཙོ་བོར་བཏོན་ཡོདཔ།

༉ ཆུ་ཁ་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་འདེམས་ངོ་སྦེ་ དོ་འགྲན་འབད་མི་ འདེམས་ངོ་༤ པོ་ཆ་ར་གིས་ རྒྱལ་ཁབ་ཀྱི་ ཁྲིམས་ལུགས་དང་ སྲིད་བྱུས་ སྒྲིག་གཞི་ཚུ་ རྒྱལ་ཁབ་དང་མི་སེར་ལུ་ དགོས་མཁོ་ཡོད་མེད་དང་ ཕན་ཐོགས་ཡོད་མེད་ཀྱི་ ཞིབ་དཔྱད་འབད་ཞིནམ་ལས་ བསྐྱར་ཞིབ་འབད་ནི་ལུ་ …

Leave a Reply

Your email address will not be published. Required fields are marked *