༉ སྤྱི་ཟླ་༨ པའི་ཚེས་༣༡ གི་དྲོ་པར་ རི་དྭགས་གླངམོ་ཆེ་ཅིག་གིས་ བསམ་རྩེ་སེངྒེ་སྒང་ལུ་ འབྱ་ཞིང་ཅིག་ནང་འཛུལ་ཏེ་ གནོད་སྐྱོན་སྦོམ་སྦེ་ རྐྱབ་ནུག་ཟེར་ཨིན་པས།
སོ་ནམ་པ་ཚུ་གིས་ སླབ་མིའི་ནང་ ཨ་རྟག་འབད་བ་ཅིན་ གླངམོ་ཆེ་ཚུ་ ལོ་ཐོག་བསྡུ་རན་པའི་ དུས་ཚོད་ནང་ གནོདཔ་བཀལ་བར་ འོང་ནི་ཡོད་རུང་ དུས་ཅི་ ཟླཝ་༢ དེ་ཅིག་གི་ཧེ་མར་ འོང་མི་དེ་ཡང་ སྤྱི་ལོ་༢༠༡༧ ལུ་ སེངྒེ་སྒང་ལུ་ གླངམོ་ཆེ་འཛུལ་སའི་ ས་གོ་༡༠ བསུབས་མི་ལས་༤ མེདཔ་བཏང་མི་ཚུ་ལས་ འོངམ་མས་ཟེར་ཨིན་པས།
སོ་ནམ་པ་ དཱན་ཡ་པར་སཱད་ ཤར་མ་གིས་ སླབ་མིའི་ནང་ ཁོང་གིས་ ས་དོང་བརྐོ་སྟེ་ རྡོ་བླུགས་ཐོག་ལས་ རི་དྭགས་སེམས་ཅན་གྱི་ འཛུལ་ལམ་ཚུ་ བསུབས་ཡོད་མི་དེ་ ཟླཝ་༣ དེ་ཅིག་ བཀག་ཚུགས་ཡོད་རུང་ དེ་གི་ཤུལ་ལས་ ལཱ་འབད་མ་བཏུབ་ ཐལ་སོ་ཡི་ཟེར་ཨིནམ་ད་ གླངམོ་ཆེ་ཚུ་ རྩི་སའི་རྩིག་ར་ རྐྱབ་པ་ཅིན་ དྲག་ནི་བཟུམ་འདུག་ཟེར་ ཁོ་གིས་ བཤདཔ་ཨིན་པས།
ད་རུང་ སོ་ནམ་པ་གཞན་ གའུ་རི་ཤཱན་ཀར་གྱིས་འབད་བ་ཅིན་ བཟའ་སྤྱོད་མ་འབད་བར་ ས་ཞིང་སྟོངམ་ ལེ་ཤ་ཡོད་མི་དེ་གིས་ཡང་ རི་དྭགས་སེམས་ཅན་ཚུ་ གཡུས་ཚན་ཚུ་ནང་ འོང་ནི་གི་ གོ་སྐབས་བྱིནམ་མས་ཟེར་ཨིན་པས།
རྒེད་འོག་ཡིག་ཚང་གིས་བཞག་མི་ གནས་ཐོ་དང་འཁྲིལཝ་ད་ བཀྲིས་ཆོས་གླིང་ལུ་ ས་ཞིང་ཨེ་ཀར་༡,༢༠༠ དེ་ཅིག་ བཟའ་སྤྱོད་མ་འབད་བར་ལུས་མི་ཚུ་ཡང་ མང་ཤོས་ར་ གཙང་ཆུའི་མཐའམ་བདའ་སྟེ་ཡོད་མི་ཚུ་ཨིན་པས།
བཀྲིས་ཆོས་གླིང་གི་ རྒཔོ་ས་མིར་གི་རི་གིས་ ས་ཞིང་ཚུ་ སྟོངམ་བཞག་མི་དེ་ཡང་ གཙོ་བོ་ར་ གླངམོ་ཆེ་ཚུ་གིས་ ལོ་ཐོག་ཚུ་ལུ་ གནོདཔ་བཀལ་མི་ལུ་བརྟེན་ཨིན་ཟེར་ བཤད་པའི་ཁར་ གྲོང་གསེབ་མི་སེར་ལེ་ཤ་ཅིག་ བྱ་ཐབས་མེད་པར་ གནས་སྤོ་འགྱོཝ་མས་ཟེར་ བཤདཔ་ཨིན་པས།
གཞུང་གིས་ འགོ་འདྲེན་འཐབ་མི་ ལས་རིམ་ཕུད་རྡོག་གཅིག་གིས་ར་ རི་དྭངས་གླངམོ་ཚུ་ལས་ ཉེན་སྐྱོབ་འབད་མ་ཚུགས་ཟེར་ རྒཔོ་གིས་ བཤདཔ་ཨིན་པས།
སོ་ནམ་པ་ལེ་ཤ་ཅིག་གིས་ བསམ་འཆར་བཤད་མིའི་ནང་ དཀའ་ངལ་དེ་ གཙོ་བོ་ར་ གླངམོ་ཆེ་ཚུ་འཁྱམས་སའི་ འཛུལ་སྒོ་ཅིག་ཨིན་མི་ རྒྱ་མཚོ་གླིང་དེ་ སྔོ་ལྗངས་ཀྱི་ ས་ཁོངས་སྦེ་ བཟོ་མི་ལུ་བརྟེན་ བྱུང་སྟེ་ཡོད་ཟེར་ཨིནམ་ད་ ས་མཚམས་བརྒལ་ཏེ་སྡོད་མི་ མི་ཚུ་གིས་ ཁོང་རའི་ས་ཞིང་ཚུ་ནང་ལས་ གླངམོ་ཆེ་ཚུ་ བདའ་གཏང་ནིའི་དོན་ལས་ མེ་བདའ་དང་ མེ་རྫས་ཚུ་ ལག་ལེན་འཐབ་དོ་ཡོདཔ་ཨིན་པས།
ས་གནས་ཀྱི་ མི་ཅིག་གིས་ སླབ་མིའི་ནང་ ད་རེས་ནངས་པར་ སྲིད་དོན་པ་ཚུ་གིས་ ཚོགས་རྒྱན་འཐོབ་ནིའི་དོན་ལས་ རི་དྭགས་སེམས་ཅན་ཚུ་གི་ གནོད་ཉེན་བཀག་ཐབས་ལུ་ གློག་རྒྱུན་ར་བ་བསྒོར་བྱིན་ནི་གི་ ཁས་བླངས་འབདཝ་ཨིན་རུང་ གཞུང་སྐྱོང་སྦེ་ བཙག་འཐུ་འགྲུབ་པའི་ཤུལ་ལས་ ཉམས་སྲུང་གི་སྐོར་ལས་ ལོ་རྒྱུས་སླབ་སྟེ་ མི་སེར་ལུ་བྱུང་མི་ དཀའ་ངལ་དང་ གདོང་ལེན་ཚུ་ བརྗེད་དོ་བཟུམ་བཏབ་སྟེ་ སྣང་མེད་བསྐྱུར་བཞགཔ་མས་ཟེར་ཨིན་པས།
སྤྱི་ལོ་༢༠༡༧-༢༠༡༨ ལུ་ བཀྲིས་ཆོས་གླིང་གི་ སོ་ནམ་པ་ཚུ་གིས་ འབྱ་ཞིང་ཨེ་ཀར་༤༠༠ དེ་ཅིག་ལས་བརྒལ་ ལྕང་ལཱ་མ་རྐྱབ་རུང་ སྤྱི་ལོ་༢༠༡༦-༢༠༡༧ ལུ་ ཨེ་ཀར་༣༠༠ དེ་ཅིག་ནང་ འབྱ་འཛུགས་སྐྱོང་འབད་མི་དང་ཕྱདཔ་ད་ ཡར་སེང་སོང་ནུག་ཟེར་ རྒེད་འོག་རང་བཞིན་སླར་འབྱུང་ཐོན་སྐྱེད་འགོ་དཔོན་ ངག་དབང་རྡོ་རྗེ་གིས་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ འབྱ་ཞིང་ཨེ་ཀར་༡ ལས་ རེད་ཀེ་ཇི་༡,༡༥༠ རེ་ ཐོན་སྐྱེད་འབད་འོང་ཟེར་ཨིན་པས།
ཐོན་སྐྱེད་ཡར་སེང་འགྱོ་མི་དེ་ཡང་ སྤྱི་ལོ་༢༠༡༧ ལ་ རི་དྭགས་གླངམོ་ཆེའི་འཛུལ་སྒོ་༡༤ དེ་ཅིག་ བསུབས་བཞག་ནི་དེ་གིས་ཨིན་ཟེར་ ས་གནས་ཀྱི་ མི་སེར་ཚུ་གིས་ བཤདཔ་ཨིན་པའི་གནས་ཚུལ།

བཀྲིས་ཆོས་གླིང་རྒེད་འོག་ སེངྒེ་སྒང་གཡུས་ཚན་ནང་ རི་དྭགས་གླངམོ་ཆེ་གིས་ གནོད་སྐྱོན་རྐྱབ་མི་འབྱ་ཞིང་།