སིངྒ་པུར་གྱིས་ འབྲུག་གི་འཕྲོད་བསྟེན་མཁས་མཆོག་ཚུ་ལུ་ སྦྱོང་བརྡར་བྱིན་ནི།

༉ སིངྒ་པུར་གསོ་བའི་ཞབས་ཏོག་གིས་ གློ་བུར་སྨན་བཅོས་ནང་ འབྲུག་གི་འཕྲོད་བསྟེན་མཁས་མཆོག་ཚུ་ལུ་ སྦྱོང་བརྡར་ལས་རིམ་ཅིག་ བྱིན་ནི་དང་ རྣ་ཅོག་ ལྷ་པ་ ལྐོདམ་གི་ དྲུང་འཚོ་ཚུ་ལུ་ སྨན་དཔྱད་དང་འབྲེལ་བའི་ སློབ་སྦྱོང་བྱིན་ནི་ཨིན་པས།
དེ་ཡང་ འབྲུག་རྒྱལ་ཁབ་ནང་ སྤྱི་ཟླ་༥ པའི་ཚེས་༡༤ ལས་༡༧ ཚུན་ ཉིན་གྲངས་༤ གི་རིང་ གཞུང་འབྲེལ་གཟིགས་སྐོར་ལུ་བྱོན་མི་ སིངྒ་པུར་རྒྱལ་ཁབ་ཀྱི་ ཕྱི་འབྲེལ་བློན་པོ་ ཌོག་ཊར་བི་བེན་ བ་ལ་ཀི་རིཤ་ནཱན་གྱིས་ གཞུང་གི་དབུ་ཁྲིད་ཚུ་དང་ གསུང་གྲོས་གནངམ་ད་ གསལ་བསྒྲགས་འབད་ནུག།
སིངྒ་པུར་གྱི་ ཕྱི་འབྲེལ་བློན་པོ་གིས་ སྤྱི་ཟླ་༥ པའི་ཚེས་༡༥ ལུ་ བཀྲིས་ཆོས་རྫོང་ནང་སྦེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ སྐུ་མདུན་ལུ་ བཅར་ཡོདཔ་བཞིན་དུ་ དེ་ཚེ་ཉིན་མར་ རྒྱལ་ཡོངས་ཚོགས་ཁང་ནང་ བློན་ཆེན་ཚེ་རིང་སྟོབས་རྒྱས་མཆོག་དང་ མཇལ་ཕྲ་ཞུ་ཡོདཔ་མ་ཚད་ ཕྱི་འབྲེལ་བློན་པོ་ དམ་ཆོས་རྡོ་རྗེ་དང་ ཕྱད་ཡོདཔ་ཨིན་པས།


དེ་བསྒང་ གསུང་གྲོས་གནངམ་ད་ གཞུང་གཉིས་ཆ་རའི་ ཁ་ཐུག་ལས་ རྒྱལ་ཁབ་གཉིས་ཀྱི་བར་ན་ མཐུན་འབྲེལ་ལེགས་ཤོམ་ཡོད་མི་ལུ་ དགའ་ཚོར་གྱི་ ངོས་ལེན་གནང་པའི་ཁར་ འབྲུག་དང་ སིངྒ་པུར་གྱི་བར་ན་ ཟུང་ཕྱོགས་མཉམ་འབྲེལ་ ལྷག་པར་དུ་ ཡར་དྲག་དང་ རྒྱ་བསྐྱེད་འབད་ནིའི་སྐོར་ལས་ གྲོས་བསྡུར་གནང་ཡི་ཟེར་ ཕྱི་འབྲེལ་ལྷན་ཁག་གི་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།
ད་རུང་ སྤྱི་ཟླ་༥ པའི་ཚེས་༡༥ ལུ་ སིངྒ་པུར་རྒྱལ་ཡོངས་དཔེ་མཛོད་བཀོད་ཚོགས་ལས་ འབྲུག་རྒྱལ་ཡོངས་དཔེ་མཛོད་དང་ ཡིག་རྙིང་བསྡུ་ཁང་ལུ་ ཞལ་འདེབས་བྱིན་མི་ དཔེ་དེབ་ཚུ་ རྩིས་སྤྲོད་པའི་ཤུལ་ལུ་ ཕྱི་འབྲེལ་བློན་པོ་ ཌོག་ཊར་བི་བེན་གྱིས་ བསྟན་རྒྱས་བློན་པོ་ ལས་སྐྱིད་རྡོ་རྗེ་དང་ ནད་སྲིད་བློན་པོ་ ཟླ་བ་རྒྱལ་མཚན་༢ དང་ མཇལ་ཕྲད་འབད་ནུག།
དེ་མ་ཚད་ ཁོ་གིས་ ལས་གཡོག་བློན་པོ་ ཉི་མ་སངས་རྒྱས་ཆེན་པོ་དང་ ཕྱད་ཡོདཔ་ད་ བློན་པོ་༢ ལྷན་འཛོམས་ཐོག་ལུ་ ལཱ་གཡོག་ལྷན་ཁག་དང་ སིངྒ་པུར་གྱི་ ཨའི་ཊི་ཨི་ཤེས་རིག་ཞབས་ཏོག་གཉིས་ཀྱིས་ འཕྲུལ་རིག་དང་ ལག་ཤེས་སྦྱོར་བརྡར་ལས་དོན་ནང་ མཉམ་འབྲེལ་འབད་ནི་གི་ གོ་བརྡའི་ཆིངས་ཡིག་གུ་ མཚན་རྟགས་བཀོད་ཡོདཔ་ཨིན་པས།
རྒྱལ་ཁབ་ནང་ བཞུགས་པའི་སྐབས་ སིངྒ་པུར་གྱི་ ཕྱི་འབྲེལ་བློན་པོ་དང་ ཁོ་གི་ འཐུས་མི་ཚུ་ལུ་ ཕྱི་འབྲེལ་བློན་པོ་ དམ་ཆོས་རྡོ་རྗེ་གིས་ གཏེར་མ་གླིང་ཀ་བཟའ་ཁང་ནང་སྦེ་ བསུ་སྟོན་ལས་རིམ་ཅིག་ འགོ་འདྲེན་འཐབ་སར་ གཞུང་གི་ཆེ་མཐོའི་འགོ་དཔོན་དང་ རྒྱལ་སྤྱི་མི་སྡེའི་འཐུས་མི་ཚུ་གིས་ བཅའ་མར་གཏོགས་ནུག།
ཁ་ཙ་ ལོག་བྱོན་མི་ སིངྒ་པུར་གྱི་ ཕྱི་འབྲེལ་བློན་པོ་གིས་ རྒྱལ་ཁབ་ནང་ ཕེབས་པའི་ཉིན་མར་ ཐིམ་ཕུག་ཀུན་གསལ་ཕོ་བྲང་ནང་ སྟོན་པ་རྡོར་གདན་མའི་ སྐུ་འདྲ་བཞེངས་སར་ བྱོན་ཡོདཔ་མ་ཚད་ སྤྱི་ཟླ་༥ པའི་ཚེས་༡༦ ལུ་ སྤ་རོ་སྟག་ཚང་ལྷ་ཁང་མཇལ་བར་ བྱོན་ཡོདཔ་ཨིན་པས།
འབྲུག་དང་ སིངྒ་པུར་གྱི་བར་ན་ ཕྱི་འབྲེལ་དོན་གཅོད་པའི་ མཐུན་འབྲེལ་དེ་ སྤྱི་ལོ་༢༠༠༢ ལུ་ གཞི་བཙུགས་འབད་ཞིནམ་ལས་ཚུར་ ད་རེས་ སིངྒ་པུར་ལས་ ཕྱི་འབྲེལ་བློན་པོ་གིས་ གཞུང་འབྲེལ་གྱི་ གཟིགས་སྐོར་གནང་མི་དེ་ འགོ་དང་པ་ཨིནམ་ད་ བློན་པོ་དང་ ཕྱག་ཞུ་སྟེ་ འབྲུག་གི་དོན་ལུ་ སིངྒ་པུར་གྱི་གཞུང་ཚབ་དང་ ཕྱི་འབྲེལ་ལྷན་ཁག་གི་ ཆེ་མཐོའི་འགོ་དཔོན་ཚུ་ བྱོན་ཡོད་པའི་གནས་ཚུལ།

བློན་ཆེན་ཚེ་རིང་སྟོབས་རྒྱས་མཆོག་དང་ ཕྱི་འབྲེལ་བློན་པོ་ དམ་ཆོས་རྡོ་རྗེ་༢ སིངྒ་པུར་གྱི་ ཕྱི་འབྲེལ་བློན་པོ་ ཌོག་ཊར་བི་བེན་ བ་ལ་ཀི་རིཤ་ནཱན་དང་ལྷན་བཞུགས།

About admin

Check Also

དངུལ་ཁང་ཚུ་གིས་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ ཆ་མེད་བཏང་དོ་ཡོདཔ།

༉ ལྟ་བཤལཔ་ཚུ་གིས་ ཚར་ལེ་ཤ་ཅིག་ཁར་ འབྲུག་ལུ་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ སྐྱོད་ཐམ་དང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ བཏབ་ནིའི་དོན་ལུ་ དཔའ་བཅམ་ཡོད་རུང་ བརྗེ་སོར་འབད་མི་བཏུབ་དོ་ཡོདཔ་ལས་ ལྟ་བཤལཔ་ཚུ་ རྣམ་རྟོག་ལང་རུང་ འབད་ཐབས་གཞན་མེདཔ་ཨིན་པས། རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ དངུལ་བརྒྱ་ཆ་༥༠ …

Leave a Reply

Your email address will not be published. Required fields are marked *