༉ འཕྲལ་ཁམས་ཅིག་ཁར་ མོང་སྒར་ སི་ལི་སྤོང་གཡུས་ཚན་ནང་ གློག་ཐག་ར་བ་བསྒོར་ཚར་མི་དེ་གིས་ གུང་པ་༡༤ ལུ་ ཕན་ཁྱད་བྱུང་ཡོདཔ་ཨིན་པས།
སི་ལི་སྤོང་གཡུས་ཚན་དེ་ སོ་ནམ་ཞིང་ལམ་ལས་ ཀི་ལོ་མི་ཊར་༨ དེ་ཅིག་ལུ་ ཆགས་ནི་དེ་གིས་ འཁོར་ལམ་ལས་ གཡུས་ཚན་ནང་ལྷོད་ནི་ལུ་ དུས་ཡུན་ཆུ་ཚོད་༢ ལམ་འགྱོ་དགོ་དོ་ཡོདཔ་ད་ ད་རེས་ནངས་པར་ གཡུས་ཚན་དེ་ནང་ གཏན་འཇགས་སྦེ་སྡོད་མི་ གུང་པ་༨ ལས་བརྒལ་མིན་འདུག།
གཡུས་ཚན་དེ་ ཚལ་མ་དང་ བྱག་དང་ དེ་ལས་ རི་ཚུ་གི་སྦུག་ལུ་ ཆགས་ཡོདཔ་ལས་ ལོ་ཐོག་ག་ཅི་བཏབ་རུང་ རི་དྭགས་སེམས་ཅན་ཚུ་ལས་ མི་ཐོབ་དོ་ཡོདཔ་ཨིན་པས།
དེ་འབདཝ་ལས་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་དང་ ཏཱ་ར་ཡ་ན་གཞི་ཚོགས་ཀྱིས་ འགོ་འདྲེན་ཐོག་ལས་ འཕྲལ་ཁམས་ཅིག་ཁར་ ཀི་ལོ་མི་ཊར་ཕྱེད་དང་༥ འབད་མི་ གློག་ཐག་ར་བ་བསྒོར་ཡོདཔ་ད་ གློག་ཐག་གི་ཅ་ཆས་ཚུ་ རྒྱ་གར་གཞུང་གི་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ མཁོ་སྒྲུབ་འབད་ཡོདཔ་ཨིན་པས།
ཨ་ལོ་༥ འི་ཨ་པ་ སྐྱེས་ལོ་༦༤ ལང་མི་ ཨྱོན་རྡོ་རྗེ་གིས་ སླབ་མིའི་ནང་ འདས་པའི་ལོ་ངོ་༢༠ གི་རིང་ ས་ཞིང་ཚུ་ནང་ ཕགཔ་དང་ ཀ་ཤ་ སྤྱ་ དེ་ལས་ བྱི་ཐུར་ཚུ་གིས་ ལོ་ཐོག་ཚུ་ལུ་ གནོདཔ་བཀལ་དོ་ཡོདཔ་ཨིན་རུང་ དུས་ཅི་ལས་ གློག་ཐག་ར་བ་ བསྒོར་ནི་དེ་གིས་ སོ་ནམ་པ་ཚུ་ སེམས་དགའ་སྟེ་ཡོད་ཟེར་ཨིན་པས།
སང་ཕོད་ལས་ དཀར་དང་ ནག་ཚུ་ ལོག་སྟེ་ར་ འཛུགས་སྐྱོང་འབད་ནི་ཨིནམ་མ་ཚད་ ཀེ་བ་ཡང་ རྒྱ་ཆེ་དྲགས་སྦེ་ བཙུགས་ནི་ཨིན་ཟེར་ མི་སེར་ཚུ་གིས་ བསམ་འཆར་བཀོདཔ་ཨིན་པས།
དེ་བཟུམ་སྦེ་ སི་ལམ་སྦིས་སྤྱི་འོག་ལས་ ཀུན་བཟང་ཚེ་རིང་གིས་ སླབ་མིའི་ནང་ སྤྱི་ལོ་༢༠༡༥ ལུ་ སྤྱི་འོག་ནང་ གློག་ཐག་ར་བ་བསྒོར་མི་ལུ་བརྟེན་ དུས་ཅི་ལས་ དཀར་དང་ནག་ དེ་ལས་ ཀེ་བ་འཛུགས་སྐྱོང་འབད་དེ་ འོང་འབབ་ཡང་ འབོར་ཆེ་ཏོག་ཏོ་སྦེ་ བཟོ་ནི་འགོ་བཙུགས་ཏེ་ཡོད་ཟེར་ཨིན་པས།
ཏཱ་ར་ཡ་ན་གཞི་ཚོགས་ལས་ ལས་རིམ་འགོ་འདྲེན་འཐབ་མི་ པ་སངས་སྟོབས་རྒྱས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ གློག་ཐག་ར་བ་རྐྱབ་མི་དེ་ མི་སེར་ཉམ་ཆུང་ཚུ་གི་ འཚོ་བའི་གནས་སྟངས་དང་ དཔལ་འབྱོར་གོང་འཕེལ་གཏང་ནི་ དེ་ལས་ རི་དྭགས་སེམས་ཅན་ཚུ་གིས་ གནོད་སྐྱོན་རྐྱབ་ནི་ལས་ བཀག་ཐབས་འབད་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
ད་ཚུན་ སི་ལམ་སྦིས་ ལྕང་ལྕང་མ་གཡུས་ཚན་ནང་ གློག་ཐག་ར་བ་ ཀི་ལོ་མི་ཊར་༦ བསྒོར་ཡོདཔ་མ་ཚད་ ཤེ་རི་སྤོང་གི་དོན་ལུ་ ཀི་ལོ་མི་ཊར་ཕྱེད་དང་༥ དང་ ཡ་རི་གཡུས་ཚན་ནང་ ཀི་ལོ་མི་ཊར་༥ དེ་ལས་ དག་གཡུས་ཚན་ནང་ ཀི་ལོ་མི་ཊར་༧ བསྒོར་ཡོདཔ་ཨིན་པའི་གནས་ཚུལ།
ས་ལི་སྤོང་ལས་ བཀྲིས་ཕུན་ཚོགས།