༉ ཐིམ་ཕུག་ལུ་ འཐུང་ཆུ་མ་ལང་པའི་ དཀའ་ངལ་སྦོམ་ཐོན་མི་དེ་ འཛམ་གླིང་དངུལ་ཁང་གི་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ ཐིམ་ཕུག་རྡོ་གདན་ནང་ལས་ བཀྲམ་སྤེལ་འབད་ནི་ཨིནམ་ལས་ སེལ་ཚུགས་པའི་ རེ་བ་ཨིན་པས།
འཛམ་གླིང་དངུལ་ཁང་གིས་ རྒྱབ་སྐྱོར་འབད་མི་ལས་འགུལ་དེ་ དབྱེ་ཁག་༢ སྦེ་ཡོདཔ་ད་ དང་པམ་དེ་ནང་ རྡོ་གདན་ནང་ལུ་ ཆུ་འཐེན་ས་ བཟོ་སྐྲུན་འབད་ནི་དང་ རྟ་རྦབ་ལུ་ལྷོདཔ་ད་ ཆུ་ལེགས་བཅོས་ཁང་བཟོ་སྐྲུན་འབད་ཞིནམ་ལས་ དེ་ནང་ལས་ རྟ་རྦབ་དང་ པམ་ཚོ་ བསམ་གཏན་གླིང་ གླང་རྒྱུག་ཕར་ཁ་ དབྱངས་ཅན་ཕུག་ དེ་ལས་ ལྕང་ཇི་ཇི་གི་ས་ཁོངས་ཚུ་ནང་ བཀྲམ་སྤེལ་འབད་ནི་ཨིན་པས།
དེ་ལས་ རྟ་རྦབ་དང་ པམ་ཚོ་ བསམ་གཏན་གླིང་ གླང་རྒྱུག་ཕར་ཁ་ དབྱངས་ཅན་ཕུག་གི་ ས་ཁོངས་ཚུ་ནང་ ཆུ་མཛོད་དང་གཅིག་ཁར་ ལྟ་རྟོག་པའི་སྡོད་ཁྱིམ་ཚུ་ཡང་ བཟོ་སྐྲུན་འབད་ནི་ཨིན་པས།
འཐུང་ཆུ་བཀྲམ་སྤེལ་གྱི་ ལས་འགུལ་དེ་ དུས་ཅི་ སྤྱི་ཟླ་༢ པའི་ནང་ལས་ འགོ་བཙུགས་ཡོདཔ་ད་ ལས་འགུལ་དེ་ ཟླཝ་༡༨ ཀྱི་རིང་ཨིནམ་ལས་ སང་ཕོད་སྤྱི་ཟླ་༨ པའི་ནང་ མཇུག་བསྡུ་ཚུགས་པའི་ རེ་བ་ཨིན་པས།
ལས་འགུལ་དེ་གི་དོན་ལུ་ མ་དངུལ་ དངུལ་ཀྲམ་ས་ཡ་༢༢༩ བཞག་ཡོདཔ་ཨིན་པས།
ཐིམ་ཕུག་ཁྲོམ་སྡེ་གི་ འཛམ་གླིང་དངུལ་ཁང་གི་ ལས་འགུལ་འཛིན་སྐྱོང་པ་ པད་དཀར་རབ་རྒྱས་ཀྱིས་ བཤད་མི་དང་འཁྲིལཝ་ད་ ཐིམ་ཕུག་ལུ་ འཐུང་ཆུ་མ་ལང་པའི་དཀའ་ངལ་དེ་ སྦོམ་སྦེ་ར་ ཐོན་དོ་ཡོདཔ་ལས་ འཐུང་ཆུ་བཀྲམ་སྤེལ་གྱི་ལས་འགུལ་དེ་ ཁྲོམ་སྡེ་གི་དོན་ལུ་ ལས་འགུལ་གཙོ་ཆེ་དྲགས་ཅིག་ ཨིན་ཟེར་ཨིན་པས།
ལཱ་དེ་ ཧེ་མ་ལས་ འགོ་བཙུགས་ནི་སྦེ་ཨིན་རུང་ རང་བཞིན་གནས་སྟངས་ཀྱི་ ཉོགས་མེད་ལག་ཁྱེར་ཐོབ་མ་ཚུགས་མི་ལུ་བརྟེན་ དུས་ཚོད་འགོར་ཡོདཔ་ད་ ཨིན་རུང་ ད་ལྟོ་ལཱ་གི་གྲུབ་འབྲས་ཚུ་ ལེགས་ཤོམ་ཐོན་དོ་ཟེར་ ལས་འགུལ་འགོ་དཔོན་གྱིས་ བཤདཔ་ཨིན་པས།
ད་ལྟོ་ ལཱ་གི་དབྱེ་ཁག་དང་པམ་དེ་ ཉི་མ་བཟོ་སྐྲུན་དང་ ཀོ་རི་ཡ་གི་ ཕ་ཡིན་ཨིན་གཉིས་ཀྱིས་ མཉམ་འབྲེལ་ཐོག་ལས་ འབད་དོ་ཡོདཔ་ཨིན་པས།
དབྱེ་ཁག་གཉིས་པམ་དེ་ནང་ རྟ་རྦབ་ལུ་ ཆུ་ལེགས་བཅོས་ཁང་ བཟོ་སྐྲུན་འབད་ཞིནམ་ལས་ དེ་ནང་ལས་ ཉིནམ་རེ་ལུ་ ལི་ཊར་ས་ཡ་༡༠ བཀྲམ་སྤེལ་འབད་ཚུགསཔ་བཟོ་ནི་ཨིནམ་ད་ བརྟག་ཞིབ་དང་ དབྱེ་ཞིབ་ཚུ་ག་ར་ འབད་ཚར་ཏེ་ཡོདཔ་ལས་ འཕྲལ་མགྱོགས་ར་ བགོ་བཀྲམ་འབད་ནི་ཨིན་པས།
རྟ་རྦབ་ལུ་སྡོད་མི་ སྒྲོལ་མ་གིས་ བཤད་མི་དང་འཁྲིལཝ་ད་ འཐུང་ཆུ་མ་ལང་པའི་དཀའ་ངལ་དེ་ ཐིམ་ཕུག་གི་ས་གནས་ ག་ཏེ་ལུ་ཡང་ བྱུང་དོ་ཡོདཔ་ལས་ དཀའ་ངལ་དེ་ ནམ་སེལ་ཚུགས་དོ་འོང་ག་ཟེར་ རེ་བ་བསྐྱེད་དེ་ར་ སྡོད་ཅི་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ ལོ་བསྟར་བཞིན་དུ་ ཁྱིམ་གྱི་གྱངས་ཁ་ ཡར་སེང་འགྱོ་དོ་ཡོདཔ་ལས་ འཐུང་ཆུ་མ་ལང་པའི་ དཀའ་ངལ་སེལ་ཚུགས་ནི་དེ་ རེ་བ་བཟུམ་ཅིག་སྦེ་ ལུས་ནི་བཟུམ་ཅིག་སྦེ་ མཐོང་ཅི་ཟེར་ཨིན་པས།
ཨིན་རུང་ འཕྲལ་ཁམས་ཅིག་ཁར་ མོ་གི་ ཁྱིམ་ཚང་ཚུ་གིས་ ཐིམ་ཕུག་ཁྲོམ་སྡེ་གི་ འཐུང་ཆུ་བཀྲམ་སྤེལ་འབད་ནི་གི་ ལས་འགུལ་ཅིག་འོང་དོ་ཟེར་ སླབ་ཡོདཔ་མ་ཚད་ ལས་འགུལ་དེ་གིས་ ཆུ་དུས་ཡུན་ཆུ་ཚོད་༢༤ གི་རིང་ བཀྲམ་སྤེལ་འོང་ཟེར་ སླབ་ནི་དེ་གིས་ སེམས་དགའ་སྟེ་ཡོད་ཟེར་ཨིན་པས།
དེ་བཟུམ་སྦེ་ ལྕང་ཟམ་ཏོག་ལུ་ སྡོད་ཁྱིམ་ཅིག་གི་ ཇོ་བདག་ཨིན་མི་ ཨམ་བཟང་མོ་གིས་འབད་བ་ཅིན་ མོ་གིས་ ཁྲོམ་སྡེ་ལས་ ལེན་ནི་འཐུང་ཆུ་དེ་གིས་ མོ་གི་ཁྱིམ་ཐོག་ཚད་༦ ནང་སྡོད་མི་ཚུ་ལུ་ མི་ལང་དོ་ཡོདཔ་ལས་ སྒེར་གྱི་ འཐུང་ཆུ་འཐེན་ཏེ་ཡོད་ཟེར་ཨིན་པས།
ཨིན་རུང་ སྒེར་གྱི་ཆུ་འཐེན་མི་དེ་གིས་ཡང་ འཕྲལ་འཕྲལ་སྦེ་ར་ ཆུ་རྐ་ནང་ལས་ མི་ཚུ་གིས་ བཏོན་བཀོག་དོ་ཡོདཔ་ལས་ འཐུང་ཆུ་གི་དཀའ་ངལ་དེ་ ཐོནམ་ཐོན་སར་ཨིན་ཟེར་ཨིན་པས།
དེ་མ་ཚད་ ཁྲོམ་སྡེ་གིས་ བཀྲམ་སྤེལ་འབད་མི་ ཆུ་དེ་ གནམ་བྱཱར་གྱི་སྐབས་ལུ་ མང་ཤོས་ཅིག་ མི་འོང་དོ་ཡོདཔ་ལས་ ཤུལ་ལས་འབད་བ་ཅིན་ ཁྱིམ་ནང་སྡོད་མི་ཡང་ མི་འཐོན་ནི་གི་ ཉེན་ཁ་འོང་ནི་མས་ཟེར་ཨིན་པས།
ཨམ་བཟངམོ་གིས་འབད་བ་ཅིན་ ཆུ་དེ་ ལང་མ་ཚུགས་པའི་བསྒང་ལས་ གཙང་སྦྲ་དང་ལྡནམ་སྦེ་ བཞག་མ་ཚུགས་པའི་དཀའ་ངལ་ཡོདཔ་མ་ཚད་ ཁང་གླ་ཁར་སྡོད་མི་ཚུ་ཡང་ ཕྱི་ཁ་ལས་ ཆུ་བཟེད་དགོ་པའི་ དཀའ་ངལ་བྱུངམ་མས་ཟེར་ཨིན་པས།
ཨིན་རུང་ ཁྲོམ་སྡེ་གིས་ འཐུང་ཆུ་ལི་ཊར་ས་ཡ་༡༠,༠༠༠ འབད་མི་དེ་ རྟ་རྦབ་དང་ པམ་ཚོ་ གླང་རྒྱུག་ཕར་ཁ་ དབྱངས་ཅན་ཕུག་གི་ས་གནས་ནང་ བཀྲམ་སྤེལ་འབད་ཚར་ཞིནམ་ལས་ ཤུལ་ལས་ ཁྲོམ་གྱི་ས་ཁོངས་དང་ ལྕང་ཟམ་ཏོག་ཚུ་ནང་ཡང་ བཀྲམ་སྤེལ་འབད་ནི་གི་ འཆར་གཞི་ཡོད་ཟེར་ ཁྲོམ་སྡེའི་འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
འཛམ་གླིང་དངུལ་ཁང་གི་ འཐུང་ཆུ་བཀྲམ་སྤེལ་ལས་འགུལ་དེ་གིས་ ཐིམ་ཕུག་གི་ མི་སེར་༡༠༠,༠༠༠ དེ་ཅིག་ལུ་ ཆུ་ལངམ་སྦེ་ བཀྲམ་སྤེལ་འབད་ནི་གི་ འཆར་གཞི་ཡོདཔ་ཨིན་པའི་གནས་ཚུལ།
ཡེ་ཤེས་སྒྲོལ་མ།