ཐིམ་ཁྲོམ་གྱི་ གླ་འཁོར་ཚུ།

སང་ཕོད་སྤྱི་ཟླ་༣ པ་ཚུན་ གླ་འཁོར་དང་ འགྲུལ་སྐྱེལ་བཱསི་གི་གླ་ཆ་ བསྐྱར་བཟོ་མི་འབད་ནི།

ད་རེས་ནངས་པ་ མི་ཚུ་གིས་ ལོ་རྒྱུས་ག་ཅི་སླབ་སྨོ་ཟེར་བ་ཅིན་ པེ་ཊཱོལ་གྱི་གོང་ཚད་ མར་བབས་སོང་ཡོད་རུང་ གླ་འཁོར་གྱི་གླ་ཆ་ མར་ཕབ་རྐྱབ་ནི་མིན་འདུག་ཟེར་ སླབ་དོ་ཡོདཔ་ཨིན་པས།

དུས་ཅི་ སྤྱི་ཟླ་༡༠ པའི་ནང་ མར་ཁུའི་གོང་ཚད་ ཡར་སེང་སོང་མི་ལུ་ གཞི་བཞག་སྟེ་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་གྱིས་ མི་མང་སྐྱེལ་འདྲེན་བཱསི་དང་ གླ་འཁོར་གྱི་ གླ་ཆ་ཡར་སེང་འབད་ཡོདཔ་ཨིན་པས།

ཨིན་རུང་ གླ་འཁོར་དེད་གཡོགཔ་ཚུ་གིས་ དབང་འཛིན་གྱིས་བཟོ་མི་ གླ་ཆ་ལུ་མ་གནས་པར་ ཐེབས་ལེན་དོ་ཡོད་པའི་ ཉོགས་བཤད་ཚུ་ མི་སྡེ་བརྡ་བརྒྱུད་དང་ ལམ་འགྲུལ་ཉེན་སྲུང་གི་ཡིག་ཚང་ནང་ བཀོད་ཡོདཔ་ལས་ དབང་འཛིན་གྱིས་ ལྟ་རྟོག་འབད་དགོཔ་འདུག་ཟེར་ཨིན་པས།

མི་སྡེ་བརྡ་བརྒྱུད་ནང་ མི་ཅིག་གིས་ པེ་ཊཱོལ་གྱི་གོང་ཚད་ མར་བབས་སོང་མི་དེ་ གནས་ཚུལ་ལེགས་ཤོམ་ཅིག་འབདཝ་ལས་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་དང་ རྒྱལ་གཞུང་འབྲུག་གི་འགག་སྡེའི་ཁ་ཐུག་ལས་ ལྟ་རྟོག་འབད་བའི་རེ་བ་ ཡོད་ཟེར་ཨིན་པས།

མི་ཚུ་གིས་འབད་བ་ཅིན་ ཧེ་མ་ མར་ཁུའི་གོང་ཚད་ ཡར་སེང་འགྱོ་བའི་སྐབས་ གླ་ཆ་ཡར་སེང་འབད་དོ་བཟུམ་སྦེ་ ད་རེས་ གོང་ཚད་མར་བབས་འགྱོཝ་ད་ གླ་ཆ་ཡང་ མར་ཕབ་རྐྱབ་དགོཔ་འདུག་ཟེར་ཨིན་པས།

གླ་འཁོར་དེད་གཡོགཔ་ ཨེག་ཏ་བྷ་དུར་གྱིས་ སླབ་མིའི་ནང་ ད་རེས་ནངས་པ་ སྣུམ་འཁོར་ཉམས་བཅོས་འབད་ནིའི་ ཟད་འགྲོ་ཡར་སེང་སོང་ཡོད་རུང་ དབང་འཛིན་གྱིས་བཟོ་ཡོད་པའི་ གླ་ཆ་ལྟར་དུ་ ལག་ལེན་འཐབ་དོ་ཡོདཔ་ལས་ ད་ལྟོ་ཚུན་ འགྲུལ་པ་ཕུད་རྡོག་ཅིག་གིས་ཡང་ ཉོགས་བཤད་མ་བཀོད་ཟེར་ཨིན་པས།

སྐལ་སྐྱིད་སློབ་གྲྭ་ཆེ་བའི་ སློབ་ཕྲུག་ཅིག་གིས་ སླབ་མིའི་ནང་ ཉིན་བསྟར་བཞིན་དུ་ སློབ་གྲྭ་ནང་འོང་པའི་སྐབས་དང་ ལོག་འགྱོཝ་ད་ གླ་འཁོར་ནང་ འགྱོ་དོ་ཟེར་ཨིནམ་ད་ ད་རེས་ ཁོ་སྡོད་ས་ལས་ ཁྲོམ་ཁར་ཚུན་ ཧེ་མ་གླ་ཆ་ དངུལ་ཀྲམ་༣༠ འབད་མི་དེ་ ད་རེས་ དངུལ་ཀྲམ་༣༥ ལུ་ ཡར་སེང་འབད་ནུག་ཟེར་ཨིན་པས།

དབང་འཛིན་གྱིས་ སྐྱེལ་འདྲེན་བཱསི་དང་ གླ་འཁོར་གླ་ཆ་ཚུ་ ཟླཝ་༦ ནང་ཚར་རེ་ བརྟག་ཞིབ་འབད་དོ་ཡོདཔ་ཨིན་པས།

དབང་འཛིན་གྱི་ འཆར་གཞི་འགོ་དཔོན་ ལས་སྐྱིད་ཆོས་གྲགས་ཀྱིས་ སླབ་མིའི་ནང་ སྤྱི་ཟླ་༡༠ པའི་ཚེས་༡ ལས་ གླ་ཆ་བསྐྱར་བཟོ་འབད་མི་དེ་ རྩིས་ལོ་༢༠༡༨ ལས་༢༠༡༩ གི་ ལོ་ཕྱེད་དང་པའི་ བརྟག་ཞིབ་འགོ་འདྲེན་འཐབ་མི་ལུ་ གཞི་བཞག་སྟེ་ བཟོ་བཟོཝ་ཨིན་ཟེར་ཨིན་པས།

དེ་བཟུམ་སྦེ་ བརྟག་ཞིབ་གོ་རིམ་༢ པ་དེ་ སྤྱི་ཟླ་༡༢ པའི་ནང་ འགོ་འདྲེན་འཐབ་ནི་ཨིནམ་ལས་ སྤྱི་ལོ་༢༠༡༩ གི་ ཟླཝ་༣ པའི་ནང་རྐྱངམ་གཅིག་ གླ་ཆ་བསྐྱར་བཟོ་འབད་ནི་ཟེར་ཨིན་པས།

ཨིན་རུང་ འཆར་གཞི་འགོ་དཔོན་གྱིས་ སླབ་མིའི་ནང་ དབང་འཛིན་གྱི་ཁ་ཐུག་ལས་ མར་ཁུའི་གོང་ཚད་ ཡར་སེང་མར་བབས་འགྱོ་མི་ག་ར་ ཐོ་བཀོད་འབད་བཞག་འོང་ཟེར་ཨིནམ་ད་ དེ་བཟུམ་སྦེ་ ལུང་ཕྱོགས་ནང་ལས་ བརྡ་དོན་སྙན་ཞུ་ལྷོད་མི་ཚུ་ བསྡུ་ལེན་འབད་ནི་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ གླ་འཁོར་དང་ འགྲུལ་སྐྱེལ་བཱསི་ཚུ་གིས་ དབང་འཛིན་གྱིས་བཟོ་མི་ གླ་ཆ་ལས་ ཐེབས་ལེན་པ་ཅིན་ ཐད་ཀར་དུ་ སྙན་ཞུ་འབད་དགོ་ཟེར་ སླབ་ཨིན་པའི་གནས་ཚུལ།

ཉིམ་རྡོ་རྗེ་དང་ པདྨ་རིག་འཛིན།

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *