སང་ཕོད་ལས་ རྒྱལ་ཁབ་ནང་ རྒྱང་མཐོང་གི་བརྒྱུད་ལམ་ གནས་ཚད་ཅན་འོང་ནི།

ཨིན་རུང་ ད་ལྟོ་ ཞབས་ཏོག་སྤྱོད་མི་ཚུ་གིས་ ཌི་ཇི་ཊཱལ་རྒྱང་མཐོང་ལམ་ལུགས་ལུ་ སྤོ་སོར་འབད་མ་བཏུབ་པའི་གདོང་ལེན།

༉ སང་ཕོད་ཀྱི་ ལོ་སྔ་ཆ་ལས་ ཐིམ་ཕུག་ལུ་ རྒྱང་མཐོང་ཊི་བིའི་ ཞབས་ཏོག་སྤྱོད་མི་ག་ར་གིས་ ཌི་ཇི་ཊཱལ་ཊི་བི་ཟེར་མི་ བརྡ་རྟགས་བརྒྱུད་ལམ་ ལག་ལེན་འཐབ་ཚུགསཔ་ བཟོ་ནིའི་དོན་ལུ་ འབྲུག་བརྡ་དོན་བརྒྱུད་འབྲེལ་དང་ བརྡ་བརྒྱུད་དབང་འཛིན་དང་ ཐག་བརྒྱུད་རྒྱང་མཐོང་མཁོ་སྤྲོད་འབད་མི་ཚུ་གིས་ ལཱ་འབད་བའི་བསྒང་ཡོདཔ་ཨིན་པས།
དེ་ཡང་ དལྟོ་ཡོད་མི་ ཨེ་ན་ལོག་བརྡ་རྟགས་བརྒྱུད་ལམ་རིམ་ལུགས་ལས་ ཌི་ཇི་ཊཱལ་བརྒྱུད་ལམ་ལུ་ བསྒྱུར་བཅོས་འབད་དགོ་མི་དེ་ འཕྲུལ་རིག་གོང་འཕེལ་གཏང་ནིའི་ནང་ སེམས་ཤུགས་བསྐྱེད་ནི་དང་ ཚོང་མགྲོན་པའི་ ཞབས་ཏོག་ལེགས་ཤོམ་བྱིན་ནི་ དེ་ལས་ འགན་འཁྲི་ངེས་བརྟན་ཡོདཔ་ བཟོ་ཐབས་ལུ་ཨིན་པས།
དབང་འཛིན་གྱི་ ཆོག་ཐམ་དང་ ཁྲིམས་མཐུན་ངོ་སྦྱོར་སྡེ་ཚན་གྱི་གཙོ་འཛིན་ དབང་རྒྱལ་རྡོ་རྗེ་གིས་ དབང་འཛིན་གྱི་ ཁ་ཐུག་ལས་ བརྒྱུད་ལམ་སོར་ནིའི་སྐོར་ལས་ གསལ་བསྒྲགས་དང་ གོ་བརྡའི་ལས་རིམ་ཚུ་ འགོ་འདྲེན་འཐབ་བཞིན་དུ་ ཡོད་རུང་ མི་ཚུ་གིས་ མནོ་ལུགས་བསྒྱུར་བཅོས་འབད་ནིའི་ནང་ གདོང་ལེན་བྱུངམ་མ་ཚད་ མི་མང་ཤོས་ར་ དབང་འཛིན་གྱིས་ གསལ་བསྒྲགས་འབད་ཡོད་པའི་ དུས་ཚོད་མཇུག་ལུ་ སོར་ནི་སྦེ་ སྒུག་སྡོད་ནུག་ཟེར་ བཤདཔ་ཨིན་པས།
ད་ལྟོ་ ལག་ལེན་འཐབ་མི་ ཐག་བརྒྱུད་རྒྱང་མཐོང་དེ་ ལྟ་རྟོག་འབད་ནི་དང་ རིམ་ལུགས་ལེགས་ཤོམ་བཟོ་ནི་ལུ་ དཀའ་ངལ་ཡོད་པའི་ཁར་ རྒྱལ་ཁབ་ནང་ རྒྱང་མཐོང་གི་ ཞབས་ཏོག་སྤྱོད་མིའི་ཐོ་ གཏན་འཁེལ་བཞག་མ་ཚུགས་པར་ཡོདཔ་ཨིན་པས།
དབང་རྒྱལ་རྡོ་རྗེ་གིས་འབད་བ་ཅིན་ ཐིམ་ཕུག་ལུ་ གཞུང་འབྲེལ་ཐོག་ ཐག་བརྒྱུད་རྒྱང་མཐོང་ལག་ལེན་འཐབ་མི་༡༤,༠༠༠ ལྷགཔ་ཅིག་ལས་བརྒལ་མེདཔ་ལས་ གྱངས་ཁ་དེ་བ་མངམ་འོང་སྲིད་ནི་ཨིན་རུང་ ཨེ་ན་ལོག་བརྒྱུད་ལམ་ ལག་ལེན་འཐབ་མི་ ག་དེམ་ཅིག་ཡོདཔ་ཨིན་ མི་ཤེས་པས་ཟེར་ཨིནམ་ད་ ད་ལས་ཕར་ ཌི་ཇི་ཊཱལ་རྒྱང་མཐོང་ལག་ལེན་འཐབ་པའི་བསྒང་ལས་ ལག་ལེན་པ་ངེས་བརྟན་དང་ དྭངས་གསལ་བཟོ་ཚུགས་ཟེར་ བཤདཔ་ཨིན་པས།
ཐིམ་ཕུག་ལུ་ ཐག་བརྒྱུད་རྒྱང་མཐོང་གི་ ཞབས་ཏོག་མཁོ་སྤྲོད་འབད་མི་༣ ཆ་ར་ ཌི་ཇི་ཊཱལ་རྒྱང་མཐོང་བཀྲམ་སྤེལ་འབད་ནིའི་ གཞི་རྟེན་མཁོ་ཆས་དང་ འཕྲུལ་རིག་མཐུན་རྐྱེན་ཚུ གྲ་སྒྲིག་སོང་ཡོདཔ་ལས་ ཐིམ་ཕུག་ལས་ འགོ་བཙུགས་ནི་ཨིནམ་བཞིན་དུ་ ཨེམ་ཨེསི་ཨོ་ཟེར་མི་ ཞབས་ཏོག་ལག་ལེན་ལམ་ལུགས་ གཞི་བཙུགས་འབད་ཚར་བའི་བསྒང་ལས་ སང་ཕོད་སྤྱི་ཟླ་༤ པ་ལས་ རྒྱལ་ཁབ་ཀྱི་ རྫོང་ཁག་ལྟེ་བ་ག་ར་དང་ ཉེ་འདབས་ཀྱི་ ས་གནས་ནང་ བཙུགས་ནི་ཨིནམ་མ་ཚད་ མ་འོངས་པ་ལུ་ ས་གནས་ཆ་མཉམ་ནང་ ཁྱབ་ཚུགསཔ་བཟོ་ནིའི་ འཆར་གཞི་ཡོད་ཟེར་ དབང་རྒྱལ་རྡོ་རྗེ་གིས་ བཤདཔ་ཨིན་པས།
མི་ལ་ལོ་གིས་ ཌི་ཇི་ཊཱལ་ལུ་ སྤོ་སོར་འབད་དགོཔ་ད་ ཟད་འགྲོ་ཐེབས་གནས་ནི་དང་ དེང་སང་ཨེཆ་ཌི་ རྒྱང་མཐོང་ཚུ་ ཉོ་དགོ་པ་ཅིན་ ལཱ་ཁག་གཏང་ནི་ཨིནམ་ལས་ བརྡ་བརྒྱུད་དབང་འཛིན་གྱིས་ དབང་བཙོང་ཐོག་ལས་ འབད་བཅུག་པའི་ ཚོར་སྣང་བྱུང་ཡོད་པའི་ བསམ་འཆར་བཤདཔ་ཨིན་པས།
དབང་རྒྱལ་རྡོ་རྗེ་གིས་ སླབ་མིའི་ནང་ དབང་འཛིན་གྱིས་ རྒྱང་མཐོང་ལེགས་བསྒྱུར་གྱི་དོན་ལུ་ ལམ་ལུགས་གསརཔ་ གཞི་བཙུགས་འབད་དོ་ཡོདཔ་ལས་ ད་ལྟོ་ མི་སེར་ཧ་མ་གོ་མི་ཚུ་གིས་ ག་ཅི་སླབ་རུང་ མཇུག་ལུ་ག་ར་གིས་ ཧ་གོ་བའི་བསྒང་ལས་ ངལ་རངས་བསྐྱེད་འོང་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་ལྟོ་ཡོད་མི་ བརྒྱུད་ལམ་དེ་ནང་ སྤུ་ཚད་ལེགས་ཤོམ་མེད་པའི་ཁར་ རྒྱུ་སྟོབས་ཡོད་མི་དང་ མེད་མི་ག་ར་གིས་ སྤྱོད་འཐུས་གཅིག་མཚུངས་སྦེ་ སྤྲོད་དོ་ཡོདཔ་ལས་ འདྲ་མཉམ་མེད་མི་དེ་ཡང་ ཁྱིམ་ལ་ལོ་ནང་ རྒྱང་མཐོང་༣ དེ་ཅིག་ཡོད་རུང་ རྒྱང་མཐོང་ཕུད་རྡོག་གཅིག་ལས་བརྒལ་མེད་མི་དང་ འདྲན་འདྲ་སྦེ་ ཟླ་རིམ་བཞིན་དུ་ སྤྲོ་སྟོན་གྱི་ཁྲལ་ དངུལ་ཀྲམ་༣༠༠ རེ་མ་གཏོགས་ མི་སྤྲོད་པས་ཟེར་ཨིན་པས།
ད་ལས་ཕར་ ཌི་ཇི་ཊཱལ་བཙུགས་པའི་བསྒང་ལས་ རྒྱང་མཐོང་ག་དེམ་ཅིག་ ལག་ལེན་འཐབ་ནི་ཨིན་ན་ དེ་དང་བསྟུན་པའི་ སྤྱོད་ཁྲལ་བཏབ་དགོཔ་བཞིན་དུ་ མགྲོན་ཁྱིམ་དང་ ཟ་ཁང་ནང་ལས་ཕར་ རྒྱང་མཐོང་ལེ་ཤ་ ལག་ལེན་འཐབ་ནི་ཨིན་རུང་ ཞབས་ཏོག་བྱིན་མི་ཚུ་གིས་ ཊི་བིའི་གྱངས་ཁ་དང་བསྟུན་ སྤྱོད་ཁྲལ་བཏབ་དགོ་ནི་ཨིན་པས།
དེ་འབདཝ་ད་ ལག་ལེན་པ་ཚུ་ལས་ སྤྱོད་ཁྲལ་ག་དེ་འབད་ལེན་ནི་ཨིན་ན་ ཞབས་ཏོག་མཁོ་སྤྲོད་འབད་མི་ལུ་ རག་ལས་ནི་ཨིན་པས།
ཌི་ཇི་ཊཱལ་བརྒྱུད་ལམ་མཐུད་སྦྲེལ་འབད་ནིའི་དོན་ལུ་ ཞབས་ཏོག་མཁོ་སྤྲོད་འབད་མི་ཚུ་གིས་ སྒོ་བཤལ་རྐྱབ་སྟེ་ གོ་བརྡ་ཚུ་ སྤྲོད་ཐོག་ལས་ ཞབས་ཏོག་བྱིན་དོ་ཡོདཔ་ད་ ད་རེས་ཀྱི་ ཟླ་མཇུག་ཚུན་ ཞབས་ཏོག་གང་མང་ མཐུད་སྦྲེལ་འབད་ནིའི་ རེ་བ་ཡོདཔ་བཞིན་དུ་ ཞབས་ཏོག་དེ་ རང་སོའི་གདམ་ཁ་དང་བསྟུན་ མཐུད་སྦྲེལ་འབད་ནི་དང་ དེའི་དོན་ལུ་ རིན་གོང་དེ་ ཞབས་ཏོག་མཁོ་སྤྲོད་འབད་མིའི་བར་ན་ འགྲན་བསྡུར་ཐོག་ལས་ ཚད་གཞི་བཟོ་ཡོདཔ་ཨིན་པས།
ཐིམ་ཕུག་ལུ་ ཐག་བརྒྱུད་རྒྱང་མཐོང་མཁོ་སྤྲོད་འབད་མི་ ལས་སྡེ་གསུམ་ཆ་ར་གིས་ མི་སེར་ཚུ་དང་ འབྲེལ་བ་འཐབ་སྟེ་ ཞབས་ཏོག་སྤོ་སོར་འབད་ནིའི་ ལཱ་འབད་བའི་བསྒང་ཡོདཔ་ད་ ཨེ་ཏོག་མེ་ཏོག་ལས་སྡེའི་ ཡོངས་ཁྱབ་འཛིན་སྐྱོང་པ་ ཨྱོན་དཔལ་འབྱོར་གྱིས་ སླབ་མིའི་ནང་ ཁོང་གི་ཞབས་ཏོག་ལག་ལེན་འཐབ་མི་༣,༠༠༠ དེ་ཅིག་གིས་ ཌི་ཇི་ཊཱལ་རྒྱང་མཐོང་ལུ་ མཐུད་སྦྲེལ་འབད་ཡོདཔ་བཞིན་དུ་ ཉིན་བསྟར་བཞིན་དུ་ མི་༡༠༠ དེ་རེ་གིས་ ཌི་ཇི་ཊཱལ་ལུ་ སྤོ་སོར་འབདཝ་མས་ཟེར་ཨིན་པས།
ལག་ལེན་པ་ཚུ་གིས་ ཞབས་ཏོག་མཁོ་སྤྲོད་འབད་མི་ ལས་སྡེ་༣ ལས་ གདམ་ཁ་རྐྱབ་ཆོག་ནི་ཨིནམ་ད་ སྒོ་བཤལ་རྐྱབ་སྟེ་ ལག་ལེན་པ་ཚུ་ལུ་ བརྒྱུད་ལམ་སྤོ་སོར་འབད་དགོ་པའི་ གོ་བརྡ་སྤེལ་ནི་དེ་ གདོང་ལེན་བྱུངམ་མས་ཟེར་ཨིནམ་ད་ བརྒྱུད་ལམ་དེ་ རྒྱང་མཐོང་ག་ཅི་བཟུམ་ནང་ མཐུད་སྦྲེལ་འབད་བཏུབ་པའི་ ཐབས་ལམ་དང་ མཐུན་རྐྱེན་ཚུ་ཡོདཔ་ལས་ དེང་གསང་གི་ རྒྱང་མཐོང་ཚུ་ ཉོ་མ་ཚུགས་པའི་ ཚ་གྱང་ལང་དགོཔ་མེདཔ་ཨིན་པས།
སྤྱི་ལོ་༢༠༡༧ གྱི་ མི་རློབས་དང་ ཁྱིམ་གྱི་གྲངས་རྩིས་དང་འཁྲིལཝ་ད་ རྒྱལ་ཁབ་ནང་ རྒྱང་མཐོང་ཊི་བི་༡༢༠,༡༣༡ ཡོད་མིའི་གྲས་ལས་༥༣,༣༨༨ དེ་ ཁྲོམ་སྡེ་དང་༦༦,༣༨༦ གྲོང་གསེབ་ཚུ་ནང་ཡོད་པའི་གནས་ཚུལ།

ཉིམ་རྡོ་རྗེ།

 

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *