སག་སྟེང་སོ་ནམ་ཚོང་ཁང་ནང་ ཉེར་མཁོའི་ཟ་ཆས་ཚུ་ རྫོགས་དོ་ཡོདཔ།

༉ བཀྲིས་སྒང་སག་སྟེང་གི་ སོ་ནམ་ཚོང་ཁང་ནང་ བདུན་ཕྲག་༢ དེ་ཅིག་གི་ཧེ་མར་ ཉེ་བར་མཁོ་བའི་ཚོང་ཆས་ཚུ་ ཧ་ལམ་ རྫོགས་ཁམས་གུ་ ལྷོད་ནི་དེ་གིས་ ད་རེས་ ཚོང་ཁང་དེ་ནང་ ཆུམ་ཀེ་ཇི་༢༥ འབད་མི་ ཕད་ཙེ་༣ ལས་བརྒལ་ མེདཔ་ཨིན་པས།
ཆུམ་དོ་ཚུ་ཡང་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ སྤྱི་ཟླ་༥ པའི་ཚེས་༦ ལུ་ རྒེད་འོག་དེ་ནང་ གཟིགས་སྐོར་མ་གནང་པའི་ ཉིནམ་༢ ཀྱི་ཧེ་མར་ ཆུམ་ཕད་ཙེ་༧༥ ལྷོད་མི་དེ་ཨིནམ་ད་ དེ་གི་ནང་ལས་ ཁ་རྗེའི་རྒྱན་ཤོག་ཐོག་ལས་ ཕད་ཙི་༢༧ བགོ་བཀྲམ་འབད་ཡོདཔ་ཨིན་པས།
སོ་ནམ་ཚོང་ཁང་ནང་ ཚོང་ཆས་ལངམ་སྦེ་ མེད་མི་དེ་ཡང་ རྒེད་འོག་ནང་ ད་ལྟོ་ འཁོར་ལམ་སེལ་བའི་བསྒང་ ཡོད་མི་ལུ་བརྟེན་ཨིནམ་ད་ འཁོར་ལམ་དེ་གི་ འོག་ལུ་ཡོད་མི་ རྟ་ལམ་དེ་ཡང་ ལམ་སེལ་བའི་སྐབས་ རྡོ་རྦོབ་རིལ་འོང་མི་ལུ་བརྟེན་ མེདཔ་བཏང་ཡོདཔ་ཨིན་པས།
ས་ཁོངས་ནང་ལཱ་འབད་མི་ འཕྲུལ་ཆས་ཚུ་ཡང་ རེས་གཟའ་ཉི་མ་ལུ་མ་གཏོགས་ ཉིནམ་ཨ་རྟག་ར་ ལཱ་འབད་དོ་ཡོདཔ་ད་ དེ་འབདཝ་ལས་ ས་གནས་ཀྱི་མི་ཚུ་ རང་སོའི་སྒོ་ནོར་སེམས་ཅན་ཚུ་ བདའ་འགྱོ་བའི་སྐབས་ ལམ་སེལ་ཏེ་ འགྱོ་དོ་ཡོདཔ་ད་ ལམ་མ་སེལ་བའི་ཧེ་མར་ ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་ ཉེན་ཁ་དང་ དཀའ་ངལ་ཚུ་གི་སྐོར་ལས་ བརྡ་ལན་འབད་དོ་ཡོདཔ་ཨིན་པས།
རང་འབྱུང་ཡན་ལག་ཡིག་ཚང་གི་ ལམ་སེལ་བཟོ་རིག་འགོ་དཔོན་ ཀརྨ་ཚེ་དབང་གིས་ སླབ་དོ་བཟུམ་འབད་བ་ཅིན་ ལམ་སེལ་གྱི་ འཆར་གཞི་དང་བསྟུན་ ས་གནས་གཞན་ཁ་ལས་ སེལ་བ་ཅིན་ དཀའ་ངལ་དེ་ཅིག་ མ་ཐོནམ་འོང་ཟེར་ ཨིན་རུང་ མི་ཚུ་གིས་ རྟ་ལམ་བདའ་སྟེ་ སེལ་དགོཔ་སྦེ་ སླབ་མི་ལུ་བརྟེན་ འདི་ཁ་ལས་ སེལ་དོ་ཟེར་ཨིན་པས།
སག་སྟེང་དམངས་མི་ ལྷུན་གྲུབ་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ རྟ་ལམ་ལས་འགྱོ་བའི་སྐབས་ དུས་ཚོད་ ལོག་ལྟབ་ཀྱིས་ འགོར་མི་ལུ་བརྟེན་ དེ་ཁ་ལས་ སེལ་ནི་མ་གཏོགས་ གདམ་ཁ་མིན་འདུག་ཟེར་ཨིནམ་ད་ མི་ཚུ་གིས་ ས་གནས་གཞན་ཁར་ལས་ འགྱོ་མ་བཏུབ་ནི་དེ་གིས་ དཀའ་ངལ་ཐོནམ་མས་ཟེར་ཨིན་པས།
ཕྲག་ཐི་ལས་ སག་སྟེང་ལྷོད་ནི་ལུ་ དུས་ཡུན་ཆུ་ཚོད་༤ དེ་ཅིག་ འགོར་དོ་ཡོདཔ་ད་ ལམ་བདའ་འགྱོ་བ་ཅིན་ ཆུ་ཚོད་༩ དེ་ཅིག་ འགོར་དོ་ཡོདཔ་ཨིན་པས།
སོ་ནམ་ཚོང་ཁང་ནང་ ཚོང་ཆས་ཚུ་རྫོགས་པའི་སྐབས་ ཉེ་འདབས་ལུ་ཡོད་མི་ ཚོང་ཁང་ཚུ་གིས་ ཚོང་ཆས་ཚུ་གི་ གོང་ཚད་ཡར་སེང་ འབད་དོ་ཡོདཔ་ད་ དཔེ་འབད་བ་ཅིན་ ཆུམ་ཕེད་ཙེ་༡ ལུ་ དངུལ་ཀྲམ་༥༠ ལྷགཔ་རེ་ གནས་དོ་ཡོདཔ་ཨིན་པས།
སག་སྟེང་མི་སྡེ་ཞབས་ཏོག་ལྟེ་བ་ ལག་ལེན་འཐབ་མི་ ཆོས་རྒྱལ་ནོར་བུ་གིས་ སོ་ནམ་ཚོང་ཁང་ འགོ་བཙུགས་པའི་ཤུལ་ལས་ མི་མང་ཤོས་ཀྱིས་ ཧེ་མ་བཟུམ་སྦེ་ ཆུམ་དང་ ཉེར་མཁོའི་བཟའ་ཆས་ཚུ་ རང་སོའི་ཁྱིམ་ནང་ གསོག་འཇོག་འབད་ནི་དེ་ བཤོལ་བཞག་ནུག་ཟེར་ཨིན་པས།
ཨིན་རུང་ འཕྲལ་ཁམས་ཅིག་ཁར་ སོ་ནམ་ཚོང་ཁང་ནང་ ཚོང་ཆས་ཚུ་ ལྷོད་ནི་མེདཔ་ལས་ ལོག་སྟེ་ གསོག་འཇོག་འབད་ནི་ འགོ་བཙུགས་དེས་ཟེར་ཨིནམ་ད་ བསམ་གྲུབ་ལྗོངས་མཁར་ལུ་ཡོད་མི་ འབྲུག་བཟའ་སྤྱོད་ལས་འཛིན་གྱི་ འགོ་དཔོན་ཚུ་གིས་ ལམ་སེལ་བའི་བསྒང་ཡོད་མི་ལུ་བརྟེན་ ཚོང་ཆས་ཚུ་ ལྷོད་མ་ཚུགས་པས་ཟེར་ཨིན་པས།
འགོ་དཔོན་ཅིག་གིས་ སླབ་མིའི་ནང་ སོ་ནམ་ཚོང་ཁང་ལས་ མཁོ་འདོད་ཀྱི་ ཐོ་ཡིག་ཚུ་ ལྷོད་པའི་བསྒང་ལས་ བཀྲམ་སྤེལ་འབད་འོང་ཟེར་ཨིནམ་ད་ ད་ཚུན་ སག་སྟེང་སོ་ནམ་ཚོང་ཁང་གི་དོན་ལུ་ ཆུམ་ཀེ་ཇི་༢༣,༢༧༥ བཀྲམ་སྤེལ་འབད་ཡོད་པའི་གནས་ཚུལ།

About admin

Check Also

ཆུ་ཁ་རྫོང་ཁག་གི་ འདེམས་ངོ་ཚུ་གིས་ ཁྲིམས་ལུགས་དང་ སྲིད་བྱུས་ཚུ་ བསྐྱར་ཞིབ་འབད་ནི་ལུ་ གཙོ་བོར་བཏོན་ཡོདཔ།

༉ ཆུ་ཁ་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་འདེམས་ངོ་སྦེ་ དོ་འགྲན་འབད་མི་ འདེམས་ངོ་༤ པོ་ཆ་ར་གིས་ རྒྱལ་ཁབ་ཀྱི་ ཁྲིམས་ལུགས་དང་ སྲིད་བྱུས་ སྒྲིག་གཞི་ཚུ་ རྒྱལ་ཁབ་དང་མི་སེར་ལུ་ དགོས་མཁོ་ཡོད་མེད་དང་ ཕན་ཐོགས་ཡོད་མེད་ཀྱི་ ཞིབ་དཔྱད་འབད་ཞིནམ་ལས་ བསྐྱར་ཞིབ་འབད་ནི་ལུ་ …

Leave a Reply

Your email address will not be published. Required fields are marked *