སག་སྟེང་རྒེད་འོག་ལྟེ་བའི་འཁོར་ལམ་ སེལ་བའི་བསྒང་།

སག་སྟེང་རྒེད་འོག་ལྟེ་བའི་འཁོར་ལམ་ དུས་ཅི་ ལོ་རྫོགས་ཁམས་ལུ་ མཇུག་བསྡུ་ཚུགས་པའི་རེ་བ།

༉ བཀྲིས་སྒང་ལམ་སེལ་ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ གལ་སྲིད་ སག་སྟེང་རྒེད་འོག་ལྟེ་བའི་ འཁོར་ལམ་གྱི་ས་བཅད་ལཱ་དང་པ་དེ་ འཆར་གཞི་དང་འཁྲིལ་ཏེ་འགྱོ་བ་ཅིན་ དུས་ཅི་ སྤྱི་ཟླ་༦ པའི་ནང་ ལཱ་མཇུག་བསྡུ་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
སྤྱི་ཟླ་༡༢ པའི་ནང་ལས་ སྣུམ་འཁོར་ཚུ་ རྒྱུན་འགྲུལ་འཐབ་ཚུགས་ནི་ཨིནམ་ད་ བཀྲིས་སྒང་ལུ་ རྒེད་འོག་༡༥ ཡོད་མིའི་གྲས་ལས་ སག་སྟེང་རྒེད་འོག་ནང་རྐྱངམ་གཅིག་ འཁོར་ལམ་མཐུད་སྦྲེལ་འབད་མ་ཚུགས་པར་ ཡོདཔ་ཨིན་པས།
ཀི་ལོ་མི་ཊར་༡༡.༥ འབད་མི་ འཁོར་ལམ་དེ་ཡང་ ལམ་སེལ་ལས་ཁུངས་ཀྱིས་ སྤྱི་ལོ་༢༠༡༥ ལས་ བསལ་ནི་འགོ་བཙུགས་ཡོདཔ་བཞིན་དུ་ འདས་པའི་ཟླཝ་ཚུན་ ཀི་ལོ་མི་ཊར་༨ དེ་ཅིག་གི་ ས་བཅད་ཀྱི་ལཱ་དང་ ཕྲག་ཐི་ལུ་ ཕིཊ་༡༢༠ འབད་མི་ ལྕགས་ཟམ་ཅིག་ རྐྱབ་ཚར་ཏེ་ཡོདཔ་ཨིན་པས།
འཁོར་ལམ་གུ་ལས་ ལྕགས་ཟམ་༢ རྐྱབ་ནི་ཨིན་མི་ལས་ ཕྲག་ཐི་ལུ་ཡོད་པའི་ ཆུ་བྱག་རོང་ཆུ་ནང་ ལྕགས་ཟམ་༡ རྐྱབ་ཚར་མི་དེ་ གཅིག་ཨིན་པས།
སག་སྟེང་རྒཔོ་ སངས་རྒྱས་རྡོ་རྗེ་གིས་ སླབ་མིའི་ནང་ གལ་སྲིད་ སྤྱི་ཟླ་༡༢ པའི་ནང་ རྒེད་འོག་ལྟེ་བ་ལུ་ སྣུམ་འཁོར་ཚུ་ རྒྱུན་འགྲུལ་འཐབ་མ་ཚུགས་པ་ཅིན་ མི་སེར་ཚུ་ དཀའ་ངལ་སྦོམ་སྦེ་ར་ འབྱུང་ནི་མས་ཟེར་ཨིནམ་ད་ ཨིན་རུང་ ལམ་སེལ་ལས་ཁུངས་ཀྱིས་ ད་ལྟོའི་ ལཱ་གི་གནས་སྟངས་ལུ་བལྟ་བ་ཅིན་ ལཱ་དེ་ ལོ་རྫོགས་ཁམས་ལུ་ མཇུག་བསྡུ་ཚུགས་པར་ ལཱ་ཁག་རྐྱབ་ནི་མས་ཟེར་ཨིན་པས།
རྒེད་འོག་གི་ མི་སེར་ལ་ལོ་ཅིག་གིས་ བཤད་མིའི་ནང་ མ་གཞི་ ལཱ་དེ་འབད་བཞིན་དུ་ཡོད་རུང་ ལཱ་གི་གྲུབ་འབྲས་དེ་ ལེགས་ཤོམ་ཅིག་ མིན་འདུག་ཟེར་ཨིནམ་ད་ འཁོར་ལམ་དེ་ལུ་བསྒུགས་ཏེ་ ལོ་༣ དེ་ཅིག་ ལང་དོ་ཟེར་ཨིན་པས།
དེ་ཡང་ ན་ཧིང་ བཀྲིས་སྒང་རྫོང་ཁག་ཚོགས་འདུ་ནང་ བསྐྱར་ཞིབ་ཅིག་འབད་བའི་ཤུལ་ལས་ བྱུང་ཡོདཔ་ད་ ཚོགས་འདུ་སྐབས་ མི་སྡེ་འགོ་ཁྲིདཔ་གིས་ འཁོར་ལམ་བསལ་ནིའི་ལཱ་དེ་ ཁག་འབགཔ་ལུ་ སྤྲོད་དགོ་པའི་ སྙན་ཞུ་འབད་ནུག།
ལམ་སེལ་ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ལཱ་གི་གྲུབ་འབྲས་དེ་ ཧེ་མ་ བཟོ་སྐྲུན་འབད་བའི་སྐབས་ལས་ར་ ཡུན་འགྱངས་ལུས་མི་དེ་ཡང་ འཕྲུལ་ཆས་བགོ་བཀྲམ་འབད་བའི་སྐབས་ མཉམ་འབྲེལ་ལེགས་ཤོམ་མེད་མི་ལུ་བརྟེན་ཨིན་པས།
སྤྱི་ལོ་༢༠༡༧ གྱི་ཟླཝ་༢ པའི་ནང་ འཕྲུལ་ཆས་ཚུ་ཡང་ བཟོ་སྐྲུན་གོང་འཕེལ་ལས་འཛིན་དང་ ལམ་སེལ་ལས་ཁུངས་ཀྱི་༢ ཀྱི་བར་ན་ གོ་བརྡའི་ཆིངས་ཡིག་གུ་ མཚན་རྟགས་བཀོད་ཐོག་ལས་ ལས་འཛིན་གྱིས་ བཟོ་སྐྲུན་གྱི་ ས་ཁོངས་ནང་ བགོ་བཀྲམ་འབད་ནུག།
ལམ་སེལ་བའི་སྐབས་ གདོང་ལེན་སྦོམ་ཤོས་གཅིགཔོ་དེ་ གནམ་གཤིས་གནས་སྟངས་ ལེགས་ཤོམ་མེད་པའི་ ས་ཁོངས་ཅིག་ཨིནམ་ལས་ ལས་མི་མ་འཐོབ་པའི་ དཀའ་ངལ་བྱུང་མི་དེ་གིས་ ལཱ་གི་གྲུབ་འབྲས་ལུ་ ཐོ་ཕོག་ཅི་ཟེར་ ལམ་སེལ་ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
ཀི་ལོ་མི་ཊར་༡༡ དེ་ཅིག་ ས་བཅད་པའི་སྐབས་ ཟད་འགྲོ་དངུལ་ཀྲམ་ས་ཡ་༩༥.༡༢ དེ་ཅིག་ གནས་ཡོདཔ་ད་ ད་རུང་ ལྕགས་ཟམ་༢ རྐྱབ་ནིའི་དོན་ལུ་ ཁ་སྐོང་དངུལ་ཀྲམ་ས་ཡ་༡༢ དེ་ཅིག་ གནས་ནི་མས་ཟེར་ ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།

 

About admin

Check Also

མོང་སྒར་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ཕོ་སྐྱེས་༡ འཛིན་བཟུང་།

༉ མོང་སྒར་ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༩ པའི་ཚེས་༡༣ ལུ་ ལོ་ན་མ་སྨིན་པའི་ ན་ཆུང་བུམོ་༡ ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ལུ་བརྟེན་ སྐྱེས་ལོ་༢༥ ལང་མི་ ཕོ་སྐྱེས་༡ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ …

Leave a Reply

Your email address will not be published. Required fields are marked *