སག་སྟེང་གི་ མི་སེར་ཚུ་ རྒེད་འོག་ལྟེ་བའི་ འཁོར་ལམ་ལུ་བལྟ་སྟེ་ སེམས་དང་མ་ ལྡན་པར་ཡོདཔ།

དེ་ཡང་ ལམ་སེལ་ལས་ཁུངས་ཀྱིས་ འཁོར་ལམ་ཀི་ལོ་མི་ཊར་༣ སེལ་ནི་ལུ་ ལོ་༣ འགོར་ཡོདཔ་ཨིན་པས།

༉ བཀྲིས་སྒང་སག་སྟེང་རྒེད་འོག་ལྟེ་བའི་ འཁོར་ལམ་གྱི་ གྲུབ་འབྲས་འཐོན་ནི་མེད་མི་ལུ་བརྟེན་ མི་སེར་ཚུ་གིས་ ལམ་སེལ་གྱི་ལཱ་དེ་ སྒེར་སྡེ་ཁག་འབགཔ་ལུ་ བྱིན་དགོ་པའི་ གྲོས་འཆར་བཙུགས་ཡོདཔ་ཨིན་པས།
དེ་ཡང་ འཕྲལ་ཁམས་ཅིག་ཁར་ རྫོང་ཁག་ཚོགས་འདུའི་ནང་ སག་སྟེང་རྒཔོ་ སངས་རྒྱས་རྡོ་རྗེ་གིས་ གྲོས་འཆར་ཞུ་ཡོདཔ་ད་ འདས་པའི་ལོ་༣ གྱི་ ནང་འཁོད་ལུ་ འཁོར་ལམ་གྱི་ གྲུབ་འབྲས་ལེགས་ཐོན་ཅིག་ རྩ་ལས་ར་ བྱུང་མ་ཚུགས་ཟེར་ཨིན་པས།
ཀི་ལོ་མི་ཊར་༡༡.༥ འབད་མི་ འཁོར་ལམ་དེ་ཡང་ སྤྱི་ལོ་༢༠༡༥ ལུ་ ལམ་སེལ་ལས་ཁུངས་ཀྱིས་སེལ་ནི་ འགོ་བཙུགས་ཡོདཔ་ད་ རྒཔོ་སངས་རྒྱས་རྡོ་རྗེ་གིས་ ཞུ་མིའི་ནང་ ལོ་༣ ནང་ ཀི་ལོ་མི་ཊར་༣ ལས་བརྒལ་ སེལ་མ་ཚུགས་མི་དེ་ རྩིས་ཕབ་ལྟཝ་ད་ ལོ་རེའི་ནང་ ཀི་ལོ་མི་ཊར་༡ རེ་མ་གཏོགས་ མ་སེལ་བས་ཟེར་ཨིན་པས།
སག་སྟེང་རྒཔོ་གིས་འབད་བ་ཅིན་ རང་འབྱུང་ལས་ ཁྲག་ཁྲི་ཚུན་ ཀི་ལོ་མི་ཊར་༣༨ འབད་མི་ འཁོར་ལམ་དེ་ སྒེར་སྡེ་ཁག་འབགཔ་གིས་ ལོ་༤ འི་ནང་འཁོད་ལུ་ སེལ་ཚར་ཡི་ཟེར་ཨིནམ་ད་ ད་རེས་ སག་སྟེང་རྒེད་འོག་ལྟེ་བའི་ འཁོར་ལམ་དེ་ ཀི་ལོ་མི་ཊར་༡༢ ལས་བརྒལ་མེད་རུང་ ལམ་སེལ་ལས་ཁུངས་ཀྱིས་ མཇུག་བསྡུ་མ་ཚུགས་མི་ལུ་བརྟེན་ མི་སེར་ཚུ་ བཟོད་བསྲན་འབད་མ་ཚུགསཔ་ ཡར་སོ་ཡི་ཟེར་ཨིན་པས།
གལ་སྲིད་ ལས་ཁུངས་ཀྱིས་ ལཱ་དེ་ འབད་མ་ཚུགས་པ་ཅིན་ ཁག་འབགཔ་ལུ་ རྩིས་སྤྲོད་དགོཔ་འདུག་ཟེར་ ཁོ་གིས་ ཚོགས་འདུ་ནང་ཞུ་ནུག།
ད་རེས་ སག་སྟེང་རྒེད་འོག་ལྟེ་བའི་ འཁོར་ལམ་མ་གཏོགས་ བཀྲིས་སྒང་རྫོང་ཁག་གི་ རྒེད་འོག་ག་རའི་ནང་ འཁོར་ལམ་ཚུ་ སེལ་ཚར་ཏེ་ཡོདཔ་ད་ སག་སྟེང་གི་དོན་ལུ་ རྒྱུན་འགྲུལ་འཐབ་སའི་ ཐག་ཉེ་ཤོས་ར་ ཁྲག་ཁྲི་ཚུན་ལྷོད་མི་ འཁོར་ལམ་དེ་ཨིན་པས།
སག་སྟེང་གི་ མི་སེར་ཚུ་ ད་ལྟོའི་ འཁོར་ལམ་གྱི་ གནས་སྟངས་ལུ་བལྟ་སྟེ་ ཚ་གྱང་སྦོམ་སྦེ་ར་ ལང་སྟེ་ཡོདཔ་ད་ རྒེད་འོག་གིས་ ལས་ཁུངས་དང་གཅིག་ཁར་ མ་དགའཝ་ག་ནི་ཡང་མེདཔ་ལས་ ཁོང་ལུ་དགོཔ་ཟེར་རུང་ དཀའ་སྡུག་མི་འབྱུང་ནིའི་དོན་ལུ་ ལམ་དེ་ གང་མགྱོགས་སྦེ་ སེལ་གནང་ནི་དེ་ཨིན་ཟེར་ རྒཔོ་སངས་རྒྱས་རྡོ་རྗེ་གིས་ བཤདཔ་ཨིན་པས།
བཀྲིས་སྒང་ལུངཕྱོགས་ལམ་སེལ་ལས་ཁུངས་ཀྱི་ བཟོ་རིག་གཙོ་འཛིན་འགོ་དཔོན་ འཇམ་དཔལ་རྡོ་རྗེ་གིས་ སླབ་མིའི་ནང་ ད་རེས་ འཁོར་ལམ་དེ་གི་ ལྕགས་ཟམ་༢ རྐྱབ་ནི་ལུ་ གཙོ་རིམ་བཟུང་སྟེ་ཡོད་ཟེར་ཨིནམ་ད་ ཀི་ལོ་མི་ཊར་༠-༤ ནང་ བྱག་གཟར་དྲགས་ཡོདཔ་ལས་ ཟམ་༢ རྐྱབ་མ་ཚུགས་པ་ཅིན་ ལམ་སེལ་ཐབས་མིན་འདུག་ཟེར་ བཤད་པའི་ཁར་ ད་རེས་ནངས་པར་ བཟོ་སྐྲུན་གྱི་ ཅ་ཆས་དང་ ས་སྣུམ་ཚུ་ རྟ་གིས་ སྐྱེལ་འདྲེན་འབད་དགོཔ་ལས་ གདོང་ལེན་བྱུང་སྟེ་ཡོད་ཟེར་ བཤདཔ་ཨིན་པས།
རྒེད་འོག་ལྟེ་བའི་ འཁོར་ལམ་ཀི་ལོ་མི་ཊར་༡༡.༥ དེ་ཅིག་ཡོད་མི་ལས་ ལས་ཁུངས་ཀྱིས་ ཟམ་གྱི་གཞི་རྟེན་ ཀི་ལོ་མི་ཊར་༣.༨ དེ་ཅིག་ སེལ་ཚར་ཏེ་ཡོདཔ་ད་ ཟམ་༢ དེ་ཡང་ ཆུ་ཕྱག་རོང་ཆུ་དང་ ནང་ཟོར་ཆུ་གུ་ རྐྱབ་ནི་ཨིན་པས།
འཇམ་དཔལ་རྡོ་རྗེ་གིས་ སླབ་མིའི་ནང་ འཁོར་ལམ་སེལ་ནིའི་ ལཱ་ཚུ་ཡང་ རྩིས་ལོ་༢༠༡༧-༡༨ ནང་ མཇུག་བསྡུ་ནི་ལུ་ དམིགས་གཏད་བསྐྱེད་དེ་ཡོདཔ་ཨིན་རུང་ གནམ་བྱཱར་དགུན་ལུ་ གནམ་གཤིས་སྐྱོ་དྲགས་ཡོད་མི་ལུ་བརྟེན་ ལམ་སེལ་གྱི་ལཱ་ལུ་ ཐོ་སྦོམ་སྦེ་ར་ ཕོགཔ་མས་ཟེར་ཨིནམ་ད་ ལོ་རེ་ནང་ ལས་མི་ཚུ་གིས་ ཟླཝ་༦ དང་༧ མ་གཏོགས་ དོན་སྨིན་ཅན་སྦེ་ ལཱ་འབད་མི་ཚུགས་པས་ཟེར་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ གལ་སྲིད་ ལཱ་དེ་ ཁག་འབགཔ་ལུ་ སྤྲོད་པ་ཅིན་ རིན་བསྡུར་དང་ ཞིབ་དཔྱད་འབད་བའི་སྐབས་ ཉུང་ཤོས་ར་ དུས་ཡུན་ཟླཝ་༣ དེ་ཅིག་ འགོར་ནི་ཨིནམ་མ་ཚད་ ལཱ་གི་སྤུས་ཚད་ཡང་ ཁག་འབགཔ་གི་ ཉམས་མྱོང་དང་འཁྲིལ་ཏེ་ འགྱོ་འོང་ཟེར་ཨིན་པས།
འཁོར་ལམ་གྱི་དོན་ལུ་ མ་དངུལ་ས་ཡ་༩༠ བཞག་ཡོད་མི་ལས་ ད་ལྟོ་ དངུལ་ཀྲམ་ས་༢༨ དེ་ཅིག་ལས་བརྒལ་ ལག་ལེན་འཐབ་མ་ཚུགས་པར་ཡོདཔ་ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།

About admin

Check Also

ཁྲག་ཤུགས་བརྟག་དཔྱད་དང་ གཟུགས་ཀྱི་ཚ་དྲོད་མི་ཊར་འཕྲུལ་ཆས་ གྲོགས་རམ་སྦེ་བྱིན་ཡོདཔ།

༉ ཁ་ཙ་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་དང་ ཇ་པཱན་ལུ་ཡོད་པའི་ ཀི་ཡོ་ཊོ་མཐོ་རིམ་སློབ་གྲྭ་༢ ཀྱིས་ མཉམ་འབྲེལ་ཐོག་ལས་ བཀྲིས་སྒང་རྫོང་ཁག་གི་དོན་ལུ་ ཉེ་བར་མཁོ་བའི་ གསོ་བའི་ཅ་ཆས་ཚུ་ གྲོགས་རམ་སྦེ་བྱིན་ཡོདཔ་ཨིན་པས།ཨང་གནས་ཐོག་ལས་ ཁྲག་ཤུགས་བརྟག་དཔྱད་འབད་མི་ འཕྲུལ་ཆས་༥༦ དང་ གཟུགས་ཀྱི་ཚ་དྲོད་མི་ཊར་འཕྲུལ་ཆས་༦༡ …

Leave a Reply

Your email address will not be published. Required fields are marked *