གླ་འཐུས་ཡར་སེང་ མ་འབད་བའི་ཧེ་མར་ སྐྱེལ་འདྲེན་མཚམས་འཇོག་འབད་དེ་བཞག་མི་ མར་ཁུ་འབག་མི་ཊཱག་ཚུ།

ས་སྣུམ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཚུ་གི་ དོ་གླ་ཡར་སེང་འབད་ཡོདཔ།

༉ འབྲུག་མར་ཁུ་བཀྲམ༌སྤེལ༌གྱི༌ ས་སྣུམ་འབག་མི་ ཊཱག་ཚུ་ལུ་ མར་ཁུ་ཀི་ལོ་ལི་ཊར་རེ་དང་ ཀི་ལོ་མི་ཊར་རེ་ལུ་ སྐྱེལ་འདྲེན་གྱི་ གླ་འཐུས་དངུལ་ཀྲམ་༥.༥ ལུ་ ཡར་སེང་འབད་བའི་ཤུལ་ལས་ སྤྱི་ཟླ་༥ པའི་ཚེས་༡༨ ཀྱི་ཕྱི་རུ་ལས་ ལཱ་འབད་ནི་ ལོག་འགོ་བཙུགས་ཡོདཔ་ཨིན་པས།

མར་ཁུའི་གོང་ཚད་ ཡར་སེང་སོང་མི་ལུ་བརྟེན་ སྐྱེལ་འདྲེན་པ་༣༠ དེ་ཅིག་གིས་ དོ་གླ་ཡར་སེང་དགོཔ་སྦེ་ མཁོ་འདོད་བཀོད་དེ་ སྤྱི་ཟླ་༥ པའི་ཚེས་༡༦ ལས་ ལཱ་འབད་ནི་ བཤོལ་བཞག་ཡོདཔ་ཨིན་པས།

གླ་འཐུས་དངུལ་ཀྲམ་༥.༥ ཡར་སེང་འབད་མི་དེ་ སྐྱེལ་འདྲེན་པ་ཚུ་གིས་ དངུལ་ཀྲམ་༦ རེ་དགོཔ་སྦེ་ མཁོ་འདོད་བཀོད་མི་ལས་ ཕྱེད་ཀྲམ་༥༠ ཉུང་མི་དེ་ཡང་ འབྲུག་མར་ཁུ་བཀྲམ་སྤེལ་གྱི་ གནས་སྐབས་ཐབས་ལམ་ཅིག་ཨིན་པས།

གླ་འཐུས་ཡར་སེང་མ་འབད་བའི་ཧེ་མར་ སྣུམ་འཁོར་ཊཱག་གཏང་མི་ཚུ་གིས་ དངུལ་ཀྲམ་༤.༤༤ ལས་བརྒལ་ འཐོབ་ནི་མེད་མི་དེ་ཡང་ སྤྱི་ལོ་༢༠༡༦ ལུ་ ཌི་ཟཱིལ་ལི་ཊར་རེ་ལུ་ དངུལ་ཀྲམ་༥༠ ཡར་སེང་འབད་བའི་ཤུལ་ལས་ བསྐྱར་ཞིབ་འབད་ཡོདཔ་ཨིན་པས།

སྤྱི་ཟླ་༥ པའི་ཚེས་༡༦ གི་ནུབ་མོ་ལས་ ཕུན་ཚོགས་གླིང་ལུ་ ཌི་ཟཱིལ་ལི་ཊར་རེ་ལུ་ དངུལ་ཀྲམ་༡༠༩.༦༧ ལུ་ ཡར་སེང་སོང་མི་དེ་ ཧེ་མ་དང་ཕྱདཔ་ད་ དངུལ་ཀྲམ་༢ ཡར་སེང་སོང་ནུག།

སྤྱི་ཟླ་༥ པའི་ཚེས་༡ ལུ་ ཌི་ཟཱིལ་ལི་ཊར་རེ་ལུ་ དངུལ་ཀྲམ་༧ དེ་ཅིག་ ཡར་འཛེགས་པའི་སྐབས་ སྐྱེལ་འདྲེན་པ་ཚུ་གིས་ འབྲུག་མར་ཁུ་བཀྲམ་སྤེལ་ལུ་ ཁོང་གིས་ ལཱ་མི་འབད་ནི་སྦེ་ སྙན་ཞུ་འབད་ཡོད་རུང་ ལས་སྡེ་གིས་ སྐྱེལ་འདྲེན་པ་ཚུ་ལུ་ སྤྱི་ཟླ་༥ པའི་ཚེས་༡༦ ལས་ གླ་འཐུས་ཚུ་ བསྒྱུར་བཅོས་འགྱོ་འོང་ཟེར་ སླབ་པའི་ཤུལ་ལས་ ལོག་ལཱ་འབད་ནི་ འགོ་བཙུགས་ཡོདཔ་ཨིན་པས།

ལས་སྡེ་གིས་ བསྒྱུར་བཅོས་འབད་ནི་མེདཔ་ལས་ སྤྱི་ཟླ་༥ པའི་ཚེས་༡༦ ལས་ ལཱ་འབད་ནི་ བཤོལ་བཞག་ཡོདཔ་ད་ དཔལ་སྒྲུབ་སྐྱེལ་འདྲེན་ལས་ བརྫེ་སྐོར་ཚེ་རིང་གིས་ སླབ་མིའི་ནང་ དངུལ་ཀྲམ་༥.༥ དེ་ གནས་སྐབས་ཀྱི་ ཐབས་ཤེས་བཟུམ་ཅིག་སྦེ་ ཡར་སེང་འབད་ཡི་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ ཚོང་འབྲེལ་ཡིག་ཚང་ལས་ གླ་འཐུས་ཡར་སེང་འབད་ནི་ལུ་ ཐག་མ་གཅད་པར་ཡོད་པའི་སྐོར་ སྙན་ཞུ་འབད་ཡོདཔ་ལས་ གནས་སྐབས་ཀྱི་ ཐབས་ཤེས་ཅིག་སྦེ་ དངུལ་ཀྲམ་༥.༥ བྱིན་མི་དང་བསྟུན་ སྤྱི་ཟླ་༥ པའི་ཚེས་༡༨ ཀྱི་ ཕྱི་རུ་ལས་ ལཱ་འབད་ནི་ འགོ་བཙུགས་ཅི་ཟེར་ཨིན་པས།

ཊཱག་གཏང་མི་ཅིག་གིས་ སླབ་མིའི་ནང་ གླ་འཐུས་གསརཔ་དེ་གིས་ ཁྱད་པར་དེ་ཅིག་ར་ བཟོ་མི་ཚུགས་ནི་ཨིནམ་ད་ འདས་པའི་ལོ་༣ དང་ཕྱདཔ་ད་ ད་རེས་ ཟད་འགྲོ་དེ་ མཐོ་དྲགས་སྦེ་ར་ གནསཔ་མས་ཟེར་ཨིན་པས།

གལ་སྲིད་ འཕྲུལ་ཆས་ཀྱི་ལཱ་དང་ ཟད་འགྲོ་ཚུ་ ཧེ་མ་བཟུམ་སྦེ་ར་ཡོད་པ་ཅིན་ ད་རེས་ཀྱི་ གླ་འཐུས་དེ་ འོས་ལྡན་ཅིག་ འོང་ནི་མས་ཟེར་ཨིན་པས།

ཨིན་རུང་ ད་རེས་ སྐྱ་ནམ་གྱི་ གོང་ཚད་ཡར་སེང་སོང་སྟེ་ཡོད་མི་དེ་ཡང་ ཧེ་མ་འབད་བ་ཅིན་ སྣུམ་འཁོར་གྱི་ འཁོར་ལོ་ཆ་༡ ལུ་ དངུལ་ཀྲམ་༢༦,༥༠༠ དེ་རེ་ གནས་མི་དེ་ ད་རེས་ དངུལ་ཀྲམ་༣༥,༠༠༠ ལས་༣༦,༠༠༠ གི་བར་ན་ ཡར་སེང་སོང་ནུག་ཟེར་ཨིན་པས།

སྣུམ་འཁོར་བཅོ་ནིའི་ ལཱ་ཕྱམ་ཕྱིམ་ཅིག་འབད་རུང་ གླ་ཆ་དངུལ་ཀྲམ་༢,༥༠༠ དེ་རེ་ ལེནམ་མས་ཟེར་ཨིནམ་ད་ ཧེ་མ་འབད་བ་ཅིན་ དངུལ་ཀྲམ་༦༠༠ ལས་བརྒལ་ སྤྲོད་མི་དགོ་ཟེར་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

རྒྱུ་དངོས་གསལ་སྟོན་འབད་ནིའི་ དུས་ཚོད་ཕར་འགྱངས་འབད་དགོ་པའི་ཞུ་བ།

༉ རྒྱལ་ཁབ་ཀྱི་ཁྲིམས་དང་ ལམ་ལུགས་ཚུ་དང་འཁྲིལ་ ལོ་བསྟར་བཞིན་དུ་ རྒྱུ་ནོར་ལ་སོགས་པའི་རིགས་ ག་ཅི་ར་ ཉོ་སྒྲུབ་འབད་ཡོདཔ་ཨིན་ན་དང་ སྤྱི་གཡོགཔ་གི་ མིང་ཐོ་ཁར་ རྒྱུ་དངོས་འཆང་ཡོད་མི་ཚུ་ གསལ་སྟོན་འབད་དགོཔ་དེ་ ཁག་ཆེ་ཤོས་ཅིག་ཨིནམ་ ང་བཅས་ག་ར་གིས་ མ་ཤེསཔ་མེད་ཟེར་ཞུ་ནི། སྤྱི་ཟླ་༦ …

Leave a Reply

Your email address will not be published. Required fields are marked *