པདྨ་དགའ་ཚལ་ ས་སྣུམ་བཀྲམ་སྤེལ་ཁང་།

ས་སྣུམ་བཀྲམ་སྤེལ་ཁང་ སྒོ་འབྱེད་འབད་མི་དེ་གིས་ རྒེད་འོག་༨ ཀྱི་ མི་སེར་ཚུ་ལུ་ ཕན་ཐོགས།

༉ ཁ་ཙ་ ཡུན་རིང་སྒུག་སྡོད་མི་ པདྨ་དགའ་ཚལ་བདེན་མཆིས་ཀྱི་ ས་སྣུམ་བཀྲམ་སྤེལ་ཁང་ སྒོ་འབྱེད་འབད་ཐོག་ལས་ སྣུམ་འཁོར་ཚུ་ལུ་ ས་སྣུམ་བླུག་ནི་ལ་སོགས་པའི་ ཞབས་ཏོག་ཚུ་བྱིན་ནི་ འགོ་བཙུགས་ཅི།
སྒོ་འབྱེད་སྐབས་ པདྨ་དགའ་ཚལ་རྫོང་བདག་ ཕུན་ཚོགས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ ཧེ་མ་ ཁྱི་རི་དགོན་པ་ལུ་ ས་སྣུམ་གྱི་ ཞབས་ཏོག་ཚུ་ བྱིན་དོ་ཡོད་རུང་ ད་ལྟོ་བཟུམ་སྦེ་ འཕྲུལ་ཆས་ཐོག་གི་ ཞབས་ཏོག་མེདཔ་ལས་ བསམ་གྲུབ་ལྗོངས་མཁར་དང་ ངང་ལམ་ ཝམ་རོང་ལ་སོགས་པ་ཚུ་ནང་ འགྱོ་དགོ་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ མེ་རླུང་རྒྱ་རྫི་སོར་ནི་ལུ་ཡང་ དཀའ་ངལ་ཡོདཔ་ལས་ རྫོང་ཁག་གིས་ འབྲུག་ས་སྣུམ་ལས་འཛིན་ལུ་ བདེན་མཆིས་ལུ་ ས་བྱིན་ཡོདཔ་མ་ཚད་ ཧེ་མ་ལས་ བཟོ་སྐྲུན་འབད་ཡོད་མི་ ཁང་མིག་༣ དང་ ཐོག་ཚད་༡ འབད་མི་ སྒྲིང་ཁྱིམ་དེ་ཡང་ དངུལ་ཀྲམ་ས་ཡ་༢.༢ སྦེ་ བྱིན་ཡི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་ལྟོའི་ ས་སྣུམ་བཀྲམ་སྤེལ་ཁང་ནང་ ཧེ་མ་བཟུམ་སྦེ་ ས་སྣུམ་ནང་ ཆུ་བླ་བསྲེས་རྐྱབ་པའི་ དཀའ་ངལ་མི་འཐོན་ནི་ཨིནམ་མ་ཚད་ དེ་ཁར་ ས་མར་ཁུའི་ ཞབས་ཏོག་ཚུ་ཡང་ བྱིན་ནི་ཨིནམ་ལས་ རྒེད་འོག་༨ ཀྱི་ མི་སེར་ཚུ་ལུ་ ཕན་ཐོགས་འབྱུང་འོང་ཟེར་ཨིན་པས།
འབྲུག་ས་སྣུམ་ལས་འཛིན་གྱི་ ལུང་ཕྱོགས་འཛིན་སྐྱོང་པ་ དོན་གྲུབ་ཚེ་རིང་གིས་ སླབ་མིའི་ནང་ ཁྱི་རི་དགོན་པ་ལུ་ ཞབས་ཏོག་བྱིན་པའི་སྐབས་ ད་ལྟོ་བཟུམ་སྦེ་ ས་སྣུམ་བླུག་ནིའི་ འཕྲུལ་ཆས་མ་བཙུགསཔ་ལས་ ཞབས་ཏོག་ལེགས་ཤོམ་སྦེ་ བྱིན་མ་ཚུགས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཁྱི་རི་དགོན་པ་ལུ་ རྒྱ་སྐྱེད་འབད་ནིའི་ ས་གོ་མེད་པའི་ཁར་ བཟོ་བལ་དང་ ན་ནོང་རྒེད་འོག་༢ ཀྱི་ མི་ཚུ་ལུ་རྐྱངམ་གཅིག་ ཕན་ཐོགས་བྱུངམ་ལས་ ད་ལྟོའི་ ལས་འགུལ་དེ་གིས་ ལས་འཛིན་ལུ་ གྱོང་རྒུད་ཡོད་རུང་ མི་མང་གི་ ཞབས་ཏོག་ལེགས་ཤོམ་བྱིན་ཐབས་ལུ་ དུས་ཅི་ སྤྱི་ཟླ་༤ པ་ལས་ འགོ་བཙུགས་ཅི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་ལྟོའི་ ས་སྣུམ་བླུག་སའི་ས་གོ་དེ་ རྒེད་འོག་༨ ཀྱི་ལྟེ་བ་ལུ་ ཚུད་ཡོདཔ་ལས་ རྒེད་འོག་གི་ མི་སེར་ག་ར་ལུ་ ཕན་ཐོགས་ཡོདཔ་ཨིན་པས།
ས་སྣུམ་བཀྲམ་སྤེལ་ཁང་ནང་ ཌི་ཟིལ་དང་ པེ་ཊཱོལ་གྱི་ ཞབས་ཏོག་ཚུ་ བྱིན་ནི་ཨིནམ་མ་ཚད་ ས་མར་ཁུ་དང་ མེ་རླུང་རྒྱ་རྫིའི་ ཞབས་ཏོག་བྱིན་ནི་ཨིནམ་ལས་ ལས་འགུལ་གྱི་དོན་ལུ་ དངུལ་ཀྲམ་ས་ཡ་༨ གནས་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ བཀྲིས་གཡང་རྩེ་དོག་སུམ་དང་ བཀྲིས་སྒང་བཀང་ལུང་ བསམ་གྲུབ་ལྗོངས་མཁར་ བསམ་གྲུབ་ཆོས་གླིང་དང་ ལྷུན་རྩེ་ཨའུ་མཚོ་ལུ་ཡང་ བཟོ་སྐྲུན་འབད་དོ་ཡོདཔ་ཨིན་པས།
དུས་ཅི་ སྤྱི་ཟླ་༡༢ པའི་ནང་ མཇུག་བསྡུ་ནི་ ཨིནམ་བཞིན་དུ་ བསམ་གྲུབ་ལྗོངས་མཁར་ ཇོ་མོ་གཙང་ཁ་ ངང་ལམ་དང་ བཀྲིས་སྒང་ཝམ་རོང་གི་ ས་སྣུམ་བླུགས་ས་ཚུ་གི་ གོང་འཕེལ་གྱི་ ལཱ་ཚུ་ཡང་ འབད་དོ་ཡོདཔ་ཨིན་པས།
པདྨ་དང་ གཞན་ཚུ་གིས་ སླབ་མིའི་ནང་ ཧེ་མ་དང་ཕྱདཔ་ད་ ས་སྣུམ་དང་འབྲེལ་བའི་ ཞབས་ཏོག་ཚུ་ ལེགས་ཤོམ་སྦེ་ འཐོབ་ཚུགས་ནི་ཨིན་པས།
ས་སྣུམ་བཀྲམ་སྤེལ་ཁང་དེ་ དུམ་གྲ་ཅིག་ ལམ་ཐག་རིང་རུང་ དེ་གིས་ ངང་ལམ་དྲུང་ཁག་འོག་གི་ རྒེད་འོག་༣ མ་བརྩིས་པར་ རྒེད་འོག་གཞན་༨ ཀྱི་ མི་སེར་ཆ་མཉམ་ལུ་ ཁེ་ཕན་འོང་ནི་ཨིནམ་ལས་ སེམས་དགའ་ཡི་ཟེར་ ཨིན་པའི་གནས་ཚུལ།

པདྨ་དགའ་ཚལ་ལས་ སྐལ་བཟང་དབང་ཕྱུག།

 

About admin

Check Also

བག་ལྷོད་ཅན་ལུ་བརྟེན་ མིང་དོན་ལས་འགལ་བ་སོང་ཡོདཔ།

༉ འབྲུག་རྒྱལ་ཁབ་འདི་ ལོ་ངོ་བརྒྱ་ཕྲག་ལས་བཅད་དེ་ གངས་བར་ནང་གི་ཆུ་འཐུང་ སྤྲིན་བར་ནང་གི་ཉིམ་བསྲོ་སྟེ་ སྡོད་མི་ཅིག་ཨིན། དེ་མ་ཚད་ ནང་པའི་ཆོས་ཀྱི་སྲོལ་གཏོད་དེ་ མཁས་པ་དང་ སྒྲུབ་པ་ལྡན་པའི་ བླམ་མང་རབས་ཅིག་གིས་ རྒྱལ་ཁབ་བྱིན་གྱིས་རླབས་གནངམ་མ་ཚད་ ལྷག་པར་དུ་ཡང་ དུས་རབ་བརྒྱད་པའི་ནང་ རྟོགས་པ་ཕུལ་དུ་ཕྱིན་པའི་ …

Leave a Reply

Your email address will not be published. Required fields are marked *