ས་སྣུམ་བཀྲམ་སྤེལ་ཁང་གི་ལཱ་ ཡུན་འགྱངས་ལུས་མི་གིས་ བཀང་ལུང་གི་མི་སེར་ཚུ་ སེམས་མ་དགའ་བར་ཡོདཔ།

༉ བཀྲིས་སྒང་ བཀང་ལུང་མེར་མཚམས་ཀྱི་ས་གནས་ནང་ དུས་ཅི་ལོའི་སྔ་ཆ་ལུ་ ས་སྣུམ་བཀྲམ་སྤེལ་ཁང་རྐྱབ་ནིའི་དོན་ལུ་ ས་བཅད་ཡོད་མི་ཚུ་ག་ར་ ཧོན་སྡོང་གིས་ སྤུར་བའི་ཁར་ ཆུ་འཁྱིལ་ཏེ་ ཡོད་པའི་མཐོང་གསལ་བྱུངམ་ཨིན་པས།

རྒེད་འོག་གི་ ས་སྣུམ་བཀྲམ་སྤེལ་ཁང་དེ་ སྤྱི་ཟླ་༦ པའི་ནང་ལས་ ལཱ་ཚུ་མཇུག་བསྡུ་དགོཔ་ཨིན་རུང་ ད་ལྟོ་ ས་ཁོངས་ནང་ ས་རྐོ་ཐོག་ལས་ ས་སྣུམ་བླུགས་མཛོད་ ཊེངཀ་གཅིག་བསྐྱལ་ཡོདཔ་མ་གཏོགས་ ལཱ་གཞན་གྱི་རིགས་ཚུ་ འགོ་མ་བཙུགས་པར་ཡོདཔ་ཨིན་པས།

ས་གནས་ནང་སྡོད་མི་ དབང་མོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ས་སྣུམབཟོ་སྐྲུན་གྱི་ལཱ་ ཡུན་འགྱངས་སྦེ་ ལུས་མི་གིས་ སྣུམ་འཁོར་ཇོ་བདག་ཚུ་ ས་སྣུམ་བླུགས་ནི་དང་ མེ་རླུང་རྒྱ་རྫི་སོར་ནི་ ས་མར་ཁུ་ མཁོ་སྒྲུབ་འབད་ནིའི་དོན་ལུ་  ཀི་ལོ་མི་ཊར་༢༥ གི་ས་གནས་ཁར་ འོང་དགོ་མི་ལུ་བརྟེན་ དཀའ་ངལ་བྱུང་སྟེ་ཡོད་ཟེར་ཨིན་པས།

མོ་གིས་བཤད་མི་དང་འཁྲིལཝ་ད་ ས་སྣུམ་བཀྲམ་སྤེལ་ཁང་དེ་ དུས་ཅི་ལོ་ཕྱེད་ལས་ མཇུག་བསྡུ་ཚུགས་ཟེར་ སླབ་མི་དེ་ ད་རེས་ ལོ་རྫོགས་ཁམས་སོང་རུང་ ལཱ་འགོ་བཙུགས་མ་ཚུགས་པས་ཟེར་ཨིན་པས།

ས་གནས་ནང་སྡོད་མི་ མཁའ་འགྲོ་གིས་ སླབ་མིའི་ནང་ རྒེད་འོག་ནང་ ས་སྣུམ་བཀྲམ་སྤེལ་ཁང་ལྷོད་ནིའི་ རེ་བ་དེ་ བསྒྲུབ་མི་ཚུགས་ནི་བཟུམ་ཅིག་འདུག་ཟེར་ཨིན་པས།

ས་སྣུམ་བཀྲམ་སྤེལ་ཁང་ བཟོ་སྐྲུན་གྱི་ལཱ་དེ་ འདས་པའི་གཞུང་གིས་ གཞི་བཙུགས་འབད་མི་ལུ་བརྟེན་ བསྣར་འགྱངས་སྦེ་ བཞག་དོ་བཟུམ་འདུག་ཟེར་ཨིན་པས།

སྐྱེས་ལོ་༥༧ ལང་མི་ མཁའ་འགྲོ་གིས་ འབད་བ་ཅིན་ སྤྱིར་བཏང་ མི་སེར་གྱི་མཐའ་དོན་ལུ་ གཞུང་ག་གིས་སྐྱོང་རུང་ དཀའ་ངལ་འབྱུང་མ་བཅུག་པར་ སེལ་ཐབས་འབད་ནིའི་འགན་འཁྲི་ འབག་དགོ་ཟེར་ཨིན་པས།

སྣུམ་འཁོར་གྱི་ མར་ཁུ་ཚུ་ བཀྲིས་སྒང་ལས་ བླུགས་དགོ་མི་ལུ་བརྟེན་ རྒེད་འོག་ནང་ ས་སྣུམ་བཀྲམ་སྤེལ་ཁང་དེ་ མེད་ཐབས་མེདཔ་ཅིག་ལུ་ གྱུར་ཡོདཔ་ལས་ རྒྱབ་སྐྱོར་གནང་འོང་མནོ་བའི་རེ་བ་ སྦོམ་ར་ཡོད་ཟེར་ཨིན་པས།

ཚོང་པ་ཚུ་གིས་ སླབ་མིའི་ནང་ སྒེར་གྱི་སྣུམ་འཁོར་ཆུང་བ་བདའ་མི་ཚུ་ ཚོང་ལེན་པར་ བཀྲིས་སྒང་ལུ་ འགྱོ་བའི་སྐབས་ ས་སྣུམ་འབག་གནང་ཟེར་སླབ་སྟེ་ ཁོང་ལུ་གླ་འཐུས་རེ་སྤྲོད་ཐོག་ལས་ ལག་ལེན་འཐབ་དོ་ཟེར་ཨིན་པས།

ལས་འཛིན་གྱི་ལས་གཡོགཔ་ སངས་རྒྱས་ཀྱིས་ སླབ་མིའི་ནང་ སྣུམ་འཁོར་ནང་ མར་ཁུ་བླུགས་ནི་གི་དོན་ལས་ བཀྲིས་སྒང་ལུ་འགྱོཝ་ད་ མར་ཁུ་ལི་ཊར་༡༠ དེ་རེ་རྫོགས་དོ་ཡོདཔ་ལས་ རིན་གོང་ཐེབས་སྤྲོད་དེ་འབད་རུང་ ས་གནས་ནང་ལས་ཉོ་མི་དེ་ར་ ཁེ་སང་ཆེ་བས་ཟེར་ཨིན་པས།

བསམ་གྲུབ་ལྗོངས་མཁར་ལས་ འབྲུག་ས་སྣུམ་བཀྲམ་སྤེལ་དང་ ས་སྣུམ་ལས་འཛིན་གྱི་ ལུང་ཕྱོགས་འཛིན་སྐྱོང་པ་ དོན་གྲུབ་ཚེ་རིང་གིས་ སླབ་མིའི་ནང་ ས་སྣུམ་བཀྲམ་སྤེལ་ཁང་དེ་ ཤུལ་མའི་ཟླཝ་ནང་ བསྒྲུབ་ཚུགས་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ ལཱ་ཚུ་བཤོལ་འགྱངས་སྦེ་ལུས་མི་དེ་ མཉམ་འབྲེལ་ལས་རོགས་ རྒྱ་གར་ས་སྣུམ་ལས་འཛིན་གྱིས་ རིན་བསྡུར་བྱིན་ནི་དེ་ མཚམས་འཇོག་འབད་བཞག་ནི་དེ་གིས་ ཨིན་ཟེར་ཨིན་པས།

ཁོང་གི་ལཱ་དེ་ ས་ཁོངས་བཟོ་སྐྲུན་འབད་ནི་ རྐྱངམ་གཅིག་ཨིནམ་ལས་ ས་སྣུམ་བསགས་མཛོད་ཊེངཀ་དེ་ རྒྱ་གར་ས་སྣུམ་ལས་འཛིན་གྱི་ མཁས་མཆོག་ཚུ་གིས་ བཙུགས་དགོ་ཟེར་ཨིན་པས།

ས་སྣུམ་བཀྲམ་སྤེལ་ཁང་གི་ བཟོ་བཀོད་དང་ འཆར་གཞི་ཚུ་ རྒྱ་གར་ས་སྣུམ་ལས་འཛིན་ལུ་ སྤྲོད་ཡོདཔ་ད་ འབྲུག་ས་སྣུམ་ལས་འཛིན་གྱིས་ མཁས་མཆོག་དང་ ལཱ་འབད་མི་ཚུ་ལུ་ བསྒུག་སྟེ་ཡོད་ཟེར་ཨིན་པས།

ལུང་ཕྱོགས་འཛིན་སྐྱོང་པ་གིས་ སླབ་མིའི་ནང་ ས་སྣུམ་གྱི་ བསགས་མཛོད་ཊེངཀ་བཙུགས་ནིའི་དོན་ལུ་ ཟླཝ་༡ དང་ མེ་རླུང་རྒྱ་རྫི་དོ་ཁང་དང་ ཡིག་ཚང་རྐྱབ་ནི་ལུ་ ཟླཝ་༥ དེ་ཅིག་འགོར་འོང་ཟེར་ཨིན་པས།

ལཱ་ནམ་ལས་འགོ་བཙུགས་ནི་ཨིན་ན་ ད་ལྟོ་ སླབ་མི་ཚུགས་མི་དེ་ཡང་ རྒྱ་གར་ས་སྣུམ་ལས་འཛིན་གྱིས་ ལཱ་འབད་མི་ཚུ་ གཏང་བཞིན་ལས་རྐྱངམ་གཅིག་ ལཱ་འགོ་བཙུགས་ཚུགས་ཟེར་ཨིན་པས།

དངུལ་ཀྲམ་ས་ཡ་༨ ཀྱི་ཐོག་ལས་ ས་སྣུམ་བཀྲམ་སྤེལ་ཁང་ནང་ པེ་ཊོལ་དང་ ཌི་ཛལ་མར་ཁུ་གི་ བསགས་མཛོད་ཊེངཀ་ ལི་ཊར་༢༠,༠༠༠ ཤོང་ཚད་ཡོད་མི་བཙུགས་ནི་དང་ དངུལ་ཀྲམ་ས་ཡ་༥ དེ་ཅིག་གིས་ ཡིག་ཚང་དང་ མེ་རླུང་རྒྱ་རྫི་དོ་ཁང་ རྐྱབ་ནི་ཨིན་པའི་གནས་ཚུལ།

པདྨ་རིན་འཛིན།

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *