ས་སྣུམ་གྱི་ཤོག་བྱང་ཞབས་ཏོག་ གཞི་བཙུགས་འབད་རུང་ མི་མང་ཤོས་ཅིག་གིས་ ཤེས་རྟོགས་མེདཔ།

༉ འཕྲལ་ཁམས་ཅིག་ཁར་ ཐིམ་ཕུག་ལུ་ ས་སྣུམ་བཀྲམ་སྤེལ་ཁང་ཚུ་ནང་ ཤོག་བྱང་གི་ཐོག་ལུ་ ཏི་རུ་སྤྲོད་ནིའི་ཞབས་ཏོག་ཅིག་ གཞི་བཙུགས་འབད་ཡོད་རུང་ མི་མང་ཤོས་ཅིག་གིས་ ལག་ལེན་འཐབ་ནི་མེདཔ་ཨིན་པས།
ཐིམ་ཕུག་ མུ་གཏི་ཐང་ལུ་ཡོད་མི་ འབྲུག་ས་སྣུམ་བཀྲམ་སྤེལ་ཁང་གི་ལས་བྱེདཔ་ རྟ་མགྲིན་བཟང་མོ་གིས་ སླབ་མིའི་ནང་ མི་མང་ཤོས་ཅིག་གིས་ར་ སྣུམ་འཁོར་ཚུ་ནང་ ས་སྣུམ་བླུག་པའི་སྐབས་ ཨེ་ཊི་ཨེམ་ཤོག་བྱང་དང་ ཡང་ཅིན་ ས་སྣུམ་ཤོག་བྱང་གི་ཐོག་ལས་ ཏི་རུ་སྤྲོད་བཏུབ་པའི་སྐོར་ལས་ ཧ་མ་གོ་བས་ཟེར་ཨིན་པས།
དེ་བཟུམ་སྦེ་ ལུང་བསྟན་ཟམ་པའི་ ས་སྣུམ་བཀྲམ་སྤེལ་ཁང་གི་ ཏིཆ་བྷ་དུར་ དར་ཇི་གིས་འབད་བ་ཅིན་ ཤོག་བྱང་གི་ཞབས་ཏོག་དེ་ཡང་ འཕྲལ་འཕྲལ་རྐྱངམ་གཅིག་ ལཱ་འབད་བཏུབ་དོ་ཡོདཔ་ལས་ མི་ཚུ་ དབུགས་འགམ་བཅུགཔ་མས་ཟེར་ཨིན་པས།
ཁོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ རེ་ཚེ་སྐབས་ ཞབས་ཏོག་གི་ བརྒྱུད་ལམ་དཀའ་ངལ་ཐོན་མི་དེ་གིས་ དུས་ཡུན་སྐར་མ་༥ དེ་རེ་ བསྒུག་དགོཔ་ཐོན་ཡོདཔ་མ་ཚད་ ལ་ལོ་ཅིག་གིས་ ཤོག་བྱང་གི༌གསང་ཨང་ཡང་ བརྗེདཔ་མས་ཟེར་ཨིན་པས།
འབྲུག་གི་དངུལ་ཁང་གི་ ཤོག་བྱང་ཀཱཌ་གི་འགོ་དཔོན་ ཨ་ཤིཊ་ པར་དཱན་གྱིས་ བཤད་མིའི་ནང་ མི་མང་ཤོས་ཅིག་གིས་ ས་སྣུམ་བླུག་ཚརཝ་ཅིག་ རིན་གོང་དངུལ་རྐྱང་སྦེ་ སྤྲོདཔ་མས་ཟེར་ཨིན་པས།
འབྲུག་བརྒྱུད་འཕྲིན་ཚད་ཀྱི་ གློག་རིག་ཡོངས་འབྲེལ་ཞབས་ཏོག་བྱིན་མི་ འཛིན་སྐྱོང་འགོ་དཔོན་ རོ་བིན་ མོང་གར་གྱིས་འབད་བ་ཅིན་ ལག་ལེན་ལྟེ་བ་གསརཔ་ཅིག་ གཞི་བཙུགས་འབད་མི་ལུ་བརྟེན་ བརྒྱུད་ལམ་སྤོ་སོར་འབད་མི་དེ་གིས་ དཀའ་ངལ་བྱུངམ་མས་ཟེར་ཨིན་པས།
ས་ཁོངས་ཁག་ལས་ཕར་ མཁོ་ཆས་ཚུ་ ཁ་སྟོར་ཏེ་ཡོད་རུང་ ད་རེས་ ཁང་མིག་ཅིག་ནང་ བཙུགས་ཡོདཔ་བཞིན་དུ་ ཤོག་བྱང་གི་འཕྲུལ་ཆས་སྐོར་ལས་ ཉོགས་བཤད་བཀོད་མི་ ག་ཡང་མ་འཐོན་ཟེར་ཨིན་པས།
ཤོག་བྱང་ཀཱཌ་འགོ་དཔོན་ འཇིགས་མེད་ཚུལ་ཁྲིམས་ཀྱིས་ སླབ་མིའི་ནང་ དངུལ་ཁང་གིས་ ཞབས་ཏོག་བཙུགས་ཡོད་མི་ ས་སྣུམ་བཀྲམ་སྤེལ་ཁང་གི་ ལས་བྱེདཔ་ག་ར་ལུ་ ཞབས་ཏོག་དེ་གི་སྐོར་ལས་ སྦྱོང་བརྡར་བྱིན་ཏེ་ཡོད་ཟེར་ཨིནམ་ད་ མང་ཤོས་ར་ ཡོངས་འབྲེལ་ཝའེ་ཕའེ་དང་ འཕྲུལ་ཆས་མ་གཏོགས་ ཉོགས་བཤད་གཞན་ ག་ནི་ཡང་ མ་ལྷོད་ཟེར་ཨིན་པས།
འབྲུག་ས་སྣུམ་བཀྲམ་སྤེལ་ཁང་གི་ངོ་ཚབ་ ཚེ་རིང་སྒྲོལ་མ་གིས་ བཤད་མིའི་ནང་ མི་ཕུད་རྡོག་ཅིག་གིས་ཡང་ ཞབས་ཏོག་དེ་ ལག་ལེན་འཐབ་ནི་མེདཔ་ལས་ དཀའ་ངལ་ག་ནི་ཡང་ མ་འཐོན་ཟེར་ཨིན་པས།
ཨ་ཤིཊ་ པར་དཱན་གྱིས་འབད་བ་ཅིན་ མི་ཚུ་གིས་ ཞབས་ཏོག་དེ་གི་སྐོར་ལས་ ཤེས་རྟོགས་བྱུང་སྟེ་འབད་རུང་ དོན་ཅན་སྦེ་ར་ ཞབས་ཏོག་དེ་ ལག་ལེན་མི་འཐབ་པས་ཟེར་ཨིནམ་ད་ ཞབས་ཏོག་དེ་ ལག་ལེན་འཐབ་ནིའི་དོན་ལུ་ ཞལ་འཛོམས་ཅིག་ འཚོགས་ཞིནམ་ལས་ གྲོས་བསྟུན་འབད་ནི་ཨིན་ཟེར་ ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།

About admin

Check Also

འབྲུག་པའི་ ཨམ་སྲུའི་ཕུཊ་བཱོལ་སྡེ་ཚན་ཚུ་གིས་ རྒྱལ་ཁ་ཐོབ་མ་ཚུགས་པར་ཡོདཔ།

༉ འདས་པའི་བདུན་ཕྲག་ལས་འགོ་བཙུགས་ སྤྱི་ཟླ་༣ པའི་ཚེས་༢༨ ཚུན་ བང་ལ་དེཤ་གི་རྒྱལ་ས་ ཌ་ཀ་ལུ་ རྒྱལ་སྤྱི་ཕུཊ༌བཱོལ་རྩེད་ཐང་ནང་སྦེ་ ལྷོ་ཨེ་ཤི་ཡཱན་ ཨམ་སྲུའི་ཕུཊ་བཱོལ་དོ་འགྲན་འབད་མིའི་ནང་ འབྲུག་ལས་ སྐྱེས་ལོ་༡༧ མན་ཆད་འབད་མི་ རྒྱལ་ཡོངས་ཨམ་སྲུའི་ཕུཊ༌བཱོལ་སྡེ་ཚན་གྱིས་ བཅའ་མར་གཏོགས་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *