༉ ཁ་ཙ་ བཀྲིས་སྒང་མོ་ཤི་ལུ་ ས་རུད་ཆད་མི་དེ་གིས་ ས་རྐོ་འཕྲུལ་ཆས་ཨེགསི་ཀེ་བེ་ཊར་གྱི་ དེད་གཡོགཔ་༡ དང་ ལས་རོགསཔ་༢ འཕྱགས་བདའ་ཡོདཔ་ཨིན་པས།
གནས་ཚུལ་བྱིན་མི་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ བྱུང་རྐྱེན་དེ་ཡང་ ཉམས་རྒུདཔ་༢ པོ་དེ་ སྤྱི་ཟླ་༨ པའི་ཚེས་༡༠ གྱི་ནུབ་མོར་ ཆརཔ་ཤུགས་སྦེ་ རྐྱབ་པའི་སྐབས་ ལམ་བསུབས་ཡོད་མི་དེ་ སེལ་བའི་སྐབས་ བྱུང་ནུག་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ལམ་སེལ་མི་གི་རིཕ་གི་འགོ་དཔོན་དང་ ཁྲིམས་སྲུང་འགག་པ་ དེ་ལས་ ས་གནས་ཀྱི་ མི་སེར་ཁས་བླངས་པ་ཚུ་གིས་ ཉམས་རྒུདཔ་༢ པོ་དེ་ འཚོལ་ནིའི་དོན་ལུ་ ཆ་རོགས་འབད་ནུག་ཟེར་ཨིན་པས།
ཀུན་གསལ་གྱིས་ ཤེས་རྟོགས་བྱུང་མི་དང་འཁྲིལཝ་ད་ ས་རྐོ་འཕྲུལ་ཆས་ཀྱི་ དེད་གཡོགཔ་དང་ ལས་རོགསཔ་༢ དྲོ་པའི་ཆུ་ཚོད་༩ དང་༡༠ གྱི་བར་ན་ ལམ་སེལ་བའི་སྐབས་ འཕྱགས་བདའ་ནུག་ཟེར་ཨིན་པས།
དེ་བཟུམ་སྦེ་ བསམ་གྲུབ་ལྗོངས་མཁར་ ཤེག་པ་ཤིང་དང་ ནར་ཕུང་ དེ་ལས་ མེ་ལོང་བྱག་ཚུ་ནང་ ལམ་བསུབས་མི་ཚུ་ ཁ་ཙ་ ཕྱི་རུའི་ཆུ་ཚོད་༤ དེ་ཅིག་ཁར་ སེལ་ཡོད་རུང་ ཆརཔ་ཤུགས་སྦེ་ རྐྱབ་དོ་ཡོདཔ་ལས་ ད་རུང་ བསུབ་ནི་མས་ཟེར་ཨིན་པས།
ཁྲིམས་སྲུང་འགག་པའི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ད་རེས་ནངས་པར་ ཆརཔ་མ་ཆད་པར་ རྐྱབ་མི་ལུ་བརྟེན་ རྡོ་བུད་འོང་དོ་ཡོདཔ་ལས་ ཕྱི་རུ་དང་ནུབ་མོར་ འགྲོ་འགྲུལ་འབད་ནི་ལས་ འཛེམ་གནང་ཟེར་ཨིན་པས།
འགོ་དཔོན་ཚུ་གིས་འབད་བ་ཅིན་ ཆརཔ་ལུ་བརྟེན་ ནར་ཕུང་དང་ ས་གནས་གཞན་ཚུ་ནང་ འཁོར་ལམ་གྱི་གནས་སྟངས་ སྐྱོ་དྲགས་ཐལ་ཡོདཔ་ལས་ ཅར་ཀི་ལོ་གི་ ཁྲིམས་སྲུང་སྒོ་ར་ཁར་ སྣུམ་འཁོར་ཚུ་ དྲནམ་བཏོན་ཏེ་ གཏང་དགོ་པའི་ གོ་བརྡ་སྤྲོད་དོ་ཟེར་ ཨིན་པའི་གནས་ཚུལ།
པདྨ་དགའ་ཚལ་ལས་ སྐལ་བཟང་དབང་ཕྱུག།