གནས་སྐབས་ཀྱི་ སྦ་སྒོར་ནང་སྡོད་མི་ བཟའ་ཚང།

ས་ཡོམ་གྱིས་གནོད་སྐྱོན་རྐྱབ་མི་ བཟའ་ཚང་༦ གི་ཁྱིམ་ ད་ལྟོའི་བར་ན་ཡང་ རྐྱབ་མ་ཚུགས་པར་ལུས་ཡོདཔ།

༉ སྤྱི་ལོ་༢༠༠༩ ལུ་ ཤར་ཕྱོགས་ལུང་ཕྱོགས་ནང་ ས་ཡོམ་རྐྱབ་མི་ལུ་བརྟེན་ ཐང་རོང་རྒེད་འོག་ གླིང་མཁར་གཡུས་ཚན་ནང་ བཟའ་ཚང་ཅིག་གི་ཁྱིམ་ བརྡལ་བཏང་མི་དེ་ ད་ལྟོའི་བར་ན་ཡང་ ལོག་རྐྱབ་མ་ཚུགས་པར་ སྦ་སྒོར་ནང་ར་ སྡོད་དེ་འདུག།

ཉམས་རྒུདཔ་བཟའ་ཚང་ཚུ་ ཟུར་བཞི་ལས་ ཤིང་གི་ཀཝ་ལྷོང་ སྐྱིད་སྡུག་སྦེ་ཐོབ་མིའི་ ལྕགས་ཤོག་ཚུ་ ཁྱིམ་ཐོག་སྦེ་བཀབ་ སློག་སྐྱོར་ཚུ་ ལྕགས་ཤོག་དང་ རག་རོ་གིས་ སྒོར་མིའི་ནང་ བཞེས་སྒོ་འབད་ས་དང་ ཞག་ཉལ་ས་ གཅིག་ཁར་སྦེ་ ལག་ལེན་འཐབ་ཨིན་པས།

སྦ་སྒོར་འདི་ནང་ ཐབ་ཆས་དག་པ་ཅིག་དང་ བཞེས་སྒོ་འབད་ནིའི་དོན་ལུ་ རྫིབ་རྡོ་༣ བཙུགས་ཏེ་ཡོདཔ་ད་ ཁོང་བཟའ་ཚང་ཚུ་གིས་ ཁོང་ར་མ་ཟ་བའི་ཧེ་མ་ར་ སངས་རྒྱས་ཀྱི་སྐུ་ཐང་ཅིག་ དཔྱངས་བཞག་མི་ལུ་ ཕུལ་བའི་ཤུལ་ལས་ ཁོང་ར་ཟཝ་ཨིན་པས།

སྐྱེས་ལོ་༥༠ ང་གྲངས་ནང་འབད་མི་ ཨཔ་ལས་སྐྱིད་ཡེ་ཤེས་ཀྱིས་ དྲོ་པ་ཧ་སག་ལོང་ཞིནམ་ལས་ ཁྱིམ་ཚང་ཚུ་གི་ ལཱ་འབད་བར་འགྱོ་བའི་སྐབས་ ནང་གི་ཨམ་དེ་གིས་ ཕགཔ་ལུ་ལྟོ་བཀལ་ དེ་ལས་ བ་༡ ཡོད་མི་དེ་ ཉེ་འདབས་ཀྱི་ཚལ་མ་ནང་ རྩྭ་ཟ་བར་བཏང་ཞིནམ་ལས་ ཁྱིམ་མཐའ་འཁོར་ལུ་ཡོད་པའི་ གེ་ཟའི་ཞིང་ནང་སོང་སྟེ་ གཡུར་མ་རྐྱབ་ཨིན་པས།

སྐྱེས་ལོ་༣༧ འབད་མི་ བཟང་མོ་གིས་ སླབ་མིའི་ནང་ ཨ་ལོ་༣ ཡོད་མི་ལས་ བུམོ་སྦོམ་ཤོས་དང་ བུཚ་དེ་ གཉེན་རྐྱབ་སྟེ་ གཡུས་གཞན་ཁར་སོང་ཡོད་རུང་ ཆུང་ཤོས་དེ་ ད་ལྟོ་ བློ་གསར་སློབ་རིམ་ནང་ དཔེ་ཆ་ལྷབ་དོ་ཡོདཔ་ལས་ ཟད་འགྲོ་གི་དོན་ལུ་ འོང་འབབ་ཀྱི་ལཱ་འབད་བ་འགྱོ་དོ་ཟེར་ཨིན་པས།

དངུལ་གྱི་འོང་འབབ་བཟོ་ནིའི་དོན་ལུ་ མོང་སྒར་རྫོང་ཁག་གི་ ས་གནས་ཐདམ་ཐད་ཁ་ལས་ཕར་འགྱོ་བའི་ཁར་ ལྷུན་རྩེ་དང་ བཀྲིས་སྒང་རྫོང་ཁག་ཚུ་ནང་ཡང་ ཁག་འབག་དང་ ཁྱིམ་བཟོའི་ལཱ་འབད་བར་འགྱོ་དོ་ཡོད་རུང་ ཁོ་ར་གཅིག་གིས་བཟོ་མིའི་ འོང་འབབ་ཀྱིས་ ཟ་ཆས་ཀྱི་ཟད་འགྲོ་ལངམ་ཅིག་མ་གཏོགས་ ཁྱིམ་རྐྱབ་མི་ཚུགས་པས་ཟེར་ཨིན་པས།

ལེགས་སྐྱིད་ཡེ་ཤེས་ཀྱིས་ སླབ་མིའི་ནང་ འབྲུག་ཉེན་བཅོལ་ལས་འཛིན་ལས་ ཉེན་བཅོལ་དངུལ་ཀྲམ་༤༥,༠༠༠ ཐོབ་མི་དང་ གཞུང་ཞབས་ལས་ ལྕགས་ཤོག་ཚུ་ གནང་ཡོད་རུང་ རང་མི་ཉམ་ཆུང་ཅིག་འབད་མི་ལུ་བརྟེན་ གསོག་འཇོག་དང་ འཐོབ་ཁུངས་གཞན་ག་ནི་ཡང་མེདཔ་ལས་ བཟའ་ཚང་འཚོ་སྐྱོང་འཐབ་དགོཔ་བྱུང་ཡི་ ཟེར་ཨིན་པས།

རང་ལུ་ ཐོན་ཁུངས་གཞན་མེདཔ་ལས་ ཐབས་ར་མེད་པར་ གནས་སྐབས་ཀྱི་ སྦ་སྒོར་ནང་སྡོད་དེ་ཡོད་ཟེར་ཨིནམ་ད་ གལ་སྲིད་ མ་འོངས་པའི་ནང་ སྟབས་བདེ་དོག་རེ་ཐོན་པ་ཅིན་ ཁྱིམ་ཐོག་༡ འབད་མི་ཅིག་ བཟོ་སྐྲུན་འབད་ནིའི་རེ་བ་ཡོདཔ་ཟེར་ཨིན་པས།

གླིང་མཁར་སྤྱི་འོག་ཚོགས་པ་ བསོད་ནམས་རྡོ་རྗེ་གིས་ སླབ་མིའི་ནང་ མ་གཞི་ གཞུང་ཞབས་ལས་ ལྕགས་ཤོག་དང་ ཤིང་ཆས་ཀྱི་སྐྱིད་སྡུག་ཚུ་ གནང་ཡོད་པའི་ཁར་ ཉེན་བཅོལ་མ་དངུལ་ཐོབ་མི་དེ་ བཟའ་ཚང་དེ་གིས་ འཛིན་སྐྱོང་ལེགས་ཤོམ་སྦེ་ འཐབ་མ་ཚུགས་མི་ལུ་བརྟེན་ དཀའ་ངལ་བྱུང་ནུག་ཟེར་ཨིན་པས།

སྤྱི་འོག་གི་མི་སེར་ཚུ་གིས་ ཁྱིམ་རྐྱབ་པ་ཅིན་ གྲོགས་རམ་འབད་ནི་འི་སྐོར་ བཟའ་ཚང་དང་གྲོས་བསྟུན་འབད་རུང་ ཁོང་ར་ལུ་ ཐོན་ཁུངས་ཀྱི་ལྕོགས་གྲུབ་ རྩ་བརྟན་ལས་མེད་མི་ལུ་བརྟེན་  ངོས་ལེན་འབད་མ་ཚུགས་པར་ ལུས་ཡོད་ཟེར་ཨིན་པས།

རྒཔོ་བཅོ་ལྔ་གིས་ སླབ་མིའི་ནང་ རྒེད་འོག་གི་ སྤྱི་འོག་༥ འི་ནང་ མི་ལྕོགས་གྲུབ་མེད་མི་༨ ཡོད་ས་ལས་ ལྕང་ཤིང་སྤྱི་འོག་ནང་ ཕོ་རྐྱང་མོ་རྐྱང་འབད་མི་ གུང་པ་༢ ལུ་ རྫོང་བདག་གིས་གཙོས་པའི་ རྒེད་འོག་གི་འགོ་ཁྲིདཔ་དང་ ཞི་གཡོགཔ་ཚུ་གིས་ གྲོགས་རམ་འབད་ཐོག་ལས་ ཁྱིམ་གསརཔ་བཟོ་སྐྲུན་ འབད་བྱིན་ཡི་ཟེར་ཨིན་པས།

གླིང་མཁར་སྤྱི་འོག་གི་ བཟའ་ཚང་༡ སྔར་ཕན་སྟང་སྤྱི་འོག་ནང་ བཟའ་ཚང་༡ ཨ་ཏོ་ལ་སྤྱི་འོག་ནང་ བཟའ་ཚང་༡ དེ་ལས་ བའུ་ཆོས་གླིང་སྤྱི་འོག་ནང་ གུང་པ་༢ ལྕང་ཤིང་སྤྱི་འོག་ནང་ གུང་པ་༡ བསྡོམས་ གུང་པ་༦ ཡོད་ཟེར་ཨིན་པས།

ཨ་ཏོ་ལ་སྤྱི་འོག་དང་ གླིང་མཁར་སྤྱི་འོག་ དེ་ལས་ སྔར་ཕན་སྟང་སྤྱི་འོག་གི་བཟའ་ཚང་གི་ ཁྱིམ་ཚུ་ སྤྱི་ལོ་ ༢༠༠༩ གི་ ས་ཡོམ་གྱིས་ གནོད་སྐྱོན་རྐྱབ་པའི་ཤུལ་ལུ་ ཁྱིམ་རྐྱབ་མ་ཚུགས་པར་ ལུས་ཡོད་ཟེར་ཨིན་པས།

མ་གཞི་ ཁོང་ཆ་ཁྱབ་ཀྱི་ ཐོན་སྐྱེད་ལྕོགས་གྲུབ་ཡར་སེང་གཏང་ནིའི་དོན་ལུ་ གཞུང་གིས་ བྱ་གསོ་སྐྱོང་དང་ ཕགཔ་གསོ་སྐྱོང་འཐབ་ནིའི་དོན་ལུ་ ཁང་མིག་ལས་འགོ་བཙུགས་ རྒྱབ་སྐྱོར་གནང་སྟེ་ཡོདཔ་ཨིན་པས།

ཁོང་ཟ་ཚང་ཚུ་ལུ་ དབྱེ་ཞིབ་འབད་དེ་ གལ་སྲིད་ ལྕོགས་གྲུབ་མེདཔ་ངེས་བདེན་ཨིན་པ་ཅིན་ རྒེད་འོག་གིས་འགོ་འདྲེན་ཐོག་ རྒྱབ་སྐྱོར་འབད་ནི་ཨིན་པའི་གནས་ཚུལ།

ཐང་རོང་ལས་ བཀྲིས་ཕུན་ཚོགས།

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *