བཟའ་སྤྱོད་འབད་མའི་ཆུ་ཞིང་ཚུ།

ས་ཞིང་སྟོངམ་ལུས་མི་ཚུ་ ལོག་བཟའ་སྤྱོད་ཀྱི་ཐབས་ཤེས་ འཕྲལ་ར་བཏོན་ནི།

༉ རྒྱལ་ཁབ་ནང་ བཟའ་སྤྱོད་འབད་མི་ཞིང་ཚུ་ བཤོལ་བཞག་ནི་དེ་གིས་ ད་རེས་ ས་ཞིང་སྟོངམ་ཨེ་ཀར་༥༩,༧༢༢ ལུས་ཡོད་མི་དེ་ ལོག་བཟའ་སྤྱོད་འབད་ནིའི་དོན་ལུ་ སོ་ནམ་དང་ནགས་ཚལ་ལྷན་ཁག་གིས་ ཐབས་ཤེས་ཚུ་ ལྟ་བའི་བསྒང་ཡོདཔ་ཨིན་པས།
ཞིང་སྟོང་ཡོངས་བསྡོམས་ ཨེ་ཀར་༥༩,༧༢༢ ཡོད་ས་ལས་ ཨེ་ཀར་༥༣,༣༧༧ སྐམ་ཞིང་ཨིནམ་ད་ ཨེ་ཀར་༦,༣༤༥ ཆུ་ཞིང་ཨིནམ་ལས་ ལྷན་ཁག་གི་ འཆར་གཞི་དང་འཁྲིལ་བ་ཅིན་ སྐམ་ཞིང་དང་ ཆུ་ཞིང་གཉིས་ཆ་ར་ ལོག་བཟའ་སྤྱོད་འབད་བཏུབ་བཟོ་ནིའི་ ཐབས་ཤེས་བཏོན་ནི་ཨིན་ཟེར་ཨིན་པས།
སོ་ནམ་བློན་པོ་ ཡེ་ཤེས་རྡོ་རྗེ་གིས་ གསུངས་མིའི་ནང་ ས་ཞིང་སྟོངམ་ལུས་མིའི་ རྒྱུ་རྐྱེན་ངོ་མ་ར་ གུང་སྟོང་ལུས་མི་ལུ་བརྟེན་ ལཱ་འབད་མི་མེད་པའི་ དཀའ་ངལ་ཡོདཔ་ལས་ གུང་སྟོང་ལུས་མིའི་གནད་དོན་ ག་ཅི་ཨིན་ན་ ཧ་གོ་ནིའི་དོན་ལུ་ འཕྲལ་ར་གཞུང་གིས་ ལྟ་ཞིབ་འབད་ནིའི་ལས་རིམ་ འགོ་བཙུགས་ནི་ཟེར་ཨིན་པས།
བློན་པོ་གིས་འབད་བ་ཅིན་ གུང་སྟོང་ལུས་མི་དེ་ ཤི་རྐྱེན་བྱུང་སྟེ་ མི་རང་མེདཔ་ཨིན་ན་ ཡང་ཅིན་ གྲོང་གཡུས་ལས་ཁྲོམ་ཁར་ གནས་སྤོ་འོང་ནི་དེ་གིས་ ལས་མི་མེདཔ་ཨིན་ན་ ཡང་ཅིན་ མི་ཚུ་ཡིག་ཚང་ནང་ ལཱ་འབད་ནི་དེ་གིས་ ཁྱིམ་ནང་སྡོད་མི་མེདཔ་ཨིན་ན་ ཧོ་གོ་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
མི་ཚུ་ཡིག་ཚང་ནང་ལཱ་འབད་དེ་ གཡུས་ཁར་ཞིང་སྟོངམ་ ལུས་ཡོདཔ་ཨིན་པ་ཅིན་ ས་ཞིང་ཚུ་ བཟའ་སྤྱོད་འབད་ནིའི་དོན་ལུ་ སོ་ནམ་འཕྲུལ་ཆས་ལྟེ་བ་གིས་ མི་ཚུ་ལས་ ས་ཞིང་གླ་ཁར་ལེན་ནིའི་ ཐབས་ཤེས་ཡོདཔ་བཞིན་དུ་ དེ་བཟུམ་གྱི་ ལས་རིམ་ཐོག་ལས་ ད་རེས་ དགེ་ལེགས་ཕུག་ལུ་ ཆུ་ཞིང་ཨེ་ཀར་༣༠༠ དེ་ཅིག་ གླ་ཁར་ལེན་ཐོག་ལས་ ལྕང་ལཱ་རྐྱབ་སྟེ་ཡོད་ཟེར་ བློན་པོ་གིས་ གསུངསམ་ཨིན་པས།
དེ་ལས་ རི་དྭགས་སེམས་ཅན་ཚུ་གིས་ ལོ་ཐོག་ཚུ་ལུ་ གནོད་སྐྱོན་རྐྱབ་མི་དེ་ གདོང་ལེན་འབད་ནིའི་དོན་ལུ་ གློག་ཐག་ར་བ་གི་ ཞབས་ཏོག་འགོ་བཙུགས་མི་དེ་གིས་ ད་ཚུན་ ཁྱིམ་གུང་པ་༡༢,༠༠༠ དེ་ཅིག་ལུ་ གློག་ཐག་ར་བ་ ཀི་ལོ་མི་ཊར་༡,༩༨༠ ཁྱབ་སྟེ་ཡོདཔ་མ་ཚད་ ད་ལས་ཕར་ ལོ་བསྟར་བཞིན་དུ་ ཀི་ལོ་མི་ཊར་༡,༠༠༠ རེ་ ཁྱབ་ཚུགས་པའི་རེ་བ་ཡོད་མི་དེ་ ར་བ་བསྒོར་ནིའི་ལཱ་དེ་ སོ་ནམ་ལྷན་ཁག་རྐྱངམ་གཅིག་གིས་མ་ཚད་ རྫོང་ཁག་དང་རྒེད་འོག་བདག་སྐྱོང་གིས་ཡང་ འབད་ནི་དེ་གིས་ ཨིན་ཟེར་ཨིན་པས།
ཞིང་ཆུ་སྐམ་སྟེ་ ལཱ་འབད་མ་ཚུགས་པའི་ དཀའ་ངལ་གྱི་ ཐད་ལུ་འབད་བ་ཅིན་ ལྷན་ཁག་གིས་ ཆུ་གཡུར་ཚུ་ ཉམས་བཅོས་འབད་ནི་ འགོ་བཙུགས་ཡོདཔ་མ་ཚད་ ཆུ་རྐ་རྩ་ལས་མེད་མི་ གཡུས་ཚན་ཚུ་ནང་ ཆུ་དུམ་གྲ་ཅིག་ལས་བརྒལ་ མ་དགོ་མི་ ལོ་ཐོག་གི་རིགས་ཚུ་ འཛུགས་སྐྱོང་འབད་ནི་ལུ་ སེམས་ཤུགས་བསྐྱེད་ནི་ཨིན་པས།
དེ་མ་ཚད་ ཆརཔ་རྐྱབ་པའི་སྐབས་ ཆུ་བཟེད་བཞག་སྟེ་ ཆུ་མེད་པའི་སྐབས་ ལག་ལེན་འཐབ་བཏུབ་བཟོ་ནིའི་ལཱ་ཚུ་ཡང་ འགོ་བཙུགས་ཡོདཔ་ད་ དེ་བཟུམ་གྱི་ཐབས་ཤེས་ཚུ་ ད་རེས་ རྩི་རང་དང་ མོང་སྒར་སྐྱེངས་མཁར་ཚུ་ལུ་ འབད་ནི་འགོ་བཙུགས་ཅི་ཟེར་ བློན་པོ་གིས་ གསུངས་ཡི།
སོ་ནམ་ལྷན་ཁག་གི་ སྙན་ཞུ་དང་འཁྲིལ་བ་ཅིན་ སོ་ནམ་ལཱ་ལུ་ སྤྲོ་བ་ཉམས་མིའི་ རྒྱུ་རྐྱེན་ངོ་མ་ར་ ལས་མི་མེད་མི་དེ་ཨིནམ་བཞིན་དུ་ དེ་གིས་ སོ་ནམ་ལཱ་འབད་མི་ བརྒྱ་ཆ་༨༠ དེ་ཅིག་ལས་ བརྒྱ་ཆ་༥༣ གནོད་ཡོདཔ་ད་ དེའི་ཤུལ་ལས་ རི་དྭགས་སེམས་ཅན་གྱིས་ གནོད་སྐྱོན་རྐྱབ་མི་ལུ་བརྟེན་ སེམས་ཤུགས་ཉམས་མི་ བརྒྱ་ཆ་༤༣ ཞིང་ཆུ་མེདཔ་ལས་ སེམས་ཤུགས་ཉམས་མི་ བརྒྱ་ཆ་༡༦ དེ་ལས་ ལོ་ཐོག་ལུ་ འབུབ་དང་ནད་ཀྱིས་ མེདཔ་བཏང་མི་དང་ ས་ཞིང་གི་བཅུད་ཉམས་མི་ལུ་བརྟེན་ སོ་ནམ་ལཱ་ལུ་ བརྩོན་ཤུགས་བསྐྱེད་མི་ བརྒྱ་ཆ་༡༥ ཡོདཔ་ཨིན་པས།
བློན་པོ་གིས་འབད་བ་ཅིན་ དེ་བཟུམ་མའི་ ཐབས་ཤེས་བཏོན་ཐོག་ལས་ ཆུ་ཞིང་དང་ སྐམ་ཞིང་གཉིས་ཆ་ར་ ལཱ་འབད་བཏུབ་ཐོག་ལས་ ལོ་ཐོག་གི་ཐོན་སྐྱེད་ཡང་གོང་འཕེལ་ གཏང་ནི་ཟེར་ཨིནམ་ད་ དེ་གིས་ བཟའ་འཐུང་རིགས་ཀྱི་ཐད་ཁར་ རང་མགོ་རང་འདྲོངས་ གནས་ཚུགས་པའི་ གོ་སྐབས་འདུག་ཟེར་ ཨིན་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

About admin

Check Also

དངུལ་ཁང་ཚུ་གིས་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ ཆ་མེད་བཏང་དོ་ཡོདཔ།

༉ ལྟ་བཤལཔ་ཚུ་གིས་ ཚར་ལེ་ཤ་ཅིག་ཁར་ འབྲུག་ལུ་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ སྐྱོད་ཐམ་དང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ བཏབ་ནིའི་དོན་ལུ་ དཔའ་བཅམ་ཡོད་རུང་ བརྗེ་སོར་འབད་མི་བཏུབ་དོ་ཡོདཔ་ལས་ ལྟ་བཤལཔ་ཚུ་ རྣམ་རྟོག་ལང་རུང་ འབད་ཐབས་གཞན་མེདཔ་ཨིན་པས། རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ དངུལ་བརྒྱ་ཆ་༥༠ …

Leave a Reply

Your email address will not be published. Required fields are marked *