ས་ཞིང་སྟོངམ་ཚུ་ ལོག་བཟའ་སྤྱོད་འབད་ནིའི་ ཐབས་བྱུས་བཏོན་དགོཔ།

༉ གཞུང་གི་དམིགས་གཏད་དང་འཁྲིལ་བ་ཅིན་ སོ་ནམ་ཐོད་སྐྱེད་ཀྱི་ཐད་ཁར་ འབྲུག་རྒྱལ་ཁབ་འདི་ རང་མགོ་རང་འདྲོངས་སྦེ་ བཟོ་ནི་ཨིན་ཟེར་མི་དེ་ ཡུན་བརྟན་གྱི་སྲིད་བྱུས་ལུ་ གནས་ཚུགས་པའི་ ཐབས་ཤེས་ལེགས་ལྡན་ཅིག་ཨིན་པས།
འབྲུག་འདི་ རྒྱལ་ཁབ་ཆུང་ཀུ་ཅིག་ཨིན་པའི་ཁར་ མི་སེར་བརྒྱ་ཆ་༨༠ དེ་ཅིག་ འཚོ་བ་སོ་ནམ་ལུ་བརྟེན་སྡོད་ནི་དེ་གིས་ སོ་ནམ་གྱི་ལཱ་ ཡར་དྲག་གཏང་ཚུགས་པ་ཅིན་ དཔལ་འབྱོར་གོང་འཕེལ་ལུ་ཡང་ ཕན་ཐོགས་འབྱུང་ནི་ཨིན་པས།
སོ་ནམ་ལཱ་གི་དོན་ལུ་ ས་ཞིང་དེ་ མེད་ཐབས་མེདཔ་ཅིག་ཨིནམ་ལས་ སོ་ནམ་ལཱ་གི་དོན་ལུ་ ས་ཞིང་དེ་ གཞི་རྩ་ངོ་མ་ཅིག་ཨིན་མས།
ཨིན་རུང་ ད་རེས་ རྫོང་ཁག་༡༩ ནང་ ཆུ་ཞིང་ཨེ་ཀར་༦,༣༤༥ སྟོངམ་སྦེ་ ལུས་མི་ལུ་བལྟ་བ་ཅིན་ གཞུང་གིས་ སོ་ནམ་ཐོན་སྐྱེད་ཀྱི་ཐད་ཁར་ རང་མགོ་རང་འདྲོངས་བཟོ་ནིའི་ དམིགས་གཏད་བསྐྱེད་མི་དང་ ལག་ལེན་འཐབ་པའི་སྐབས་ ཁྱད་པར་སྦོམ་ཆགས་དོ་བཟུམ་སྦེ་ མཐོངམ་ཨིན་མས།
གཞུང་གི་དམིགས་ཡུལ་དེ་ འགྲུབ་དགོ་པ་ཅིན་ ཆུ་ཞིང་སྟོངམ་ལུས་མི་ཚུ་ ལོག་སྤྱོད་བཏུབ་པའི་ ཐབས་ཤེས་བཏོན་དགོ་ནི་ཨིན་རུང་ ད་རེས་ དེའི་དོན་ལུ་ ཡུན་བརྟན་གྱི་ ཐབས་ལམ་ཅིག་བཏོན་སར་ མི་མཐོངམ་མས།
ཆུ་ཞིང་སྟོངམ་ ཨེ་ཀར་༦,༣༤༥ ལུས་མི་དེ་ ཞིང་ཆུ་སྐམ་འགྱོ་མི་དང་ གཡུར་བ་མེདཔ་ཐལ་མི་ རི་དྭགས་སེམས་ཅན་ཚུ་གིས་ གནོད་སྐྱོན་རྐྱབ་མི་ལུ་བརྟེན་ཨིན་མས།
ཐབས་ཤེས་ངོ་མ་ཅིག་ ཞིང་ཆུ་བཏོན་ནིའི་ལཱ་ལུ་ གཞུང་གིས་ རྐྱབ་སྐྱོར་འབད་དགོཔ་ཨིན་རུང་ གཡུས་ཚན་མང་ཤོས་ཅིག་གིས་ གཞུང་ལས་ རྒྱབ་སྐྱོར་མ་ཐོབ་པར་འདུག།
གཞུང་གིས་ ཐབས་ཤེས་ངོ་མ་ཅིག་ གློག་ཐག་ར་བ་ བསྒོར་ནིའི་ལཱ་ལུ་ ཤུགས་བཏོན་ནི་འགོ་བཙུགས་རུང་ གཡུས་ཚན་མང་ཤོས་ཅིག་ནང་ ཁྱབ་མ་ཚུགས་མི་དེ་ཡང་ ད་ལྟོ་ མོ་བཏབ་ཀྱི་ ལས་རིམ་བཟུམ་ཅིག་སྦེ་ འགོ་བཙུགས་ནི་དེ་གིས་ཨིན་མས།
ཆུ་ཞིང་སྟོངམ་ལུས་མི་ཚུ་ ལོག་བཟའ་སྤྱོད་འབད་བཏུབ་བཟོ་དགོ་པ་ཅིན་ ཆུ་རྐ་རྩ་ལས་མེད་སར་ གནམ་བྱཱར་ཆརཔ་ཤུགས་སྦེ་རྐྱབ་པའི་སྐབས་ ཆར་ཆུ་བསག་བཞག་ནི་དང་ ཆུ་གཡུར་ཉམས་བཅོས་འབད་ནི་ དེ་ལས་ གློག་ཐག་ར་བ་ཚུ་ རྒྱ་སྦོམ་སྦེ་ བསྒོར་གནང་པ་ཅིན་ འབྱ་གི་ཐོན་སྐྱེད་ཚུ་ ཡར་སེང་འབད་དེ་ ཆུམ་ནང་འདྲེན་ མར་ཕབ་འབད་ཚུགས་ནིའི་ གོ་སྐབས་འདུག།
ད་རེས་ རྒྱལ་ཁབ་ནང་ ཟླ་རིམ་བཞིན་དུ་ ཆུམ་མེ་ཊིག་ཊཱོན་༨༠ དེ་ཅིག་ ནང་འདྲེན་འབད་མི་དེ་གིས་ ལོ་བསྟར་བཞིན་དུ་ དངུལ་ཀྲམ་ཐེར་འབུམ་༢ དེ་ཅིག་ ཟད་འགྲོ་བཏང་མི་དེ་ གལ་སྲིད་ གཞུང་གིས་ སོ་ནམ་གོང་འཕེལ་གྱི་ འཆར་གཞི་དང་ལས་རིམ་ཚུ་ འཕྲལ་ཕུག་༢ ཀྱི་དོན་ལུ་ ཕན་ཐོགས་ཡོད་པའི་ འཆར་གཞི་བརྩམ་པ་ཅིན་ ནང་འདྲེན་གྱི་ཐད་ཁར་ ལེ་ཤ་གིས་ མར་ཕབ་འབད་ཚུགས་པའི་ གོ་སྐབས་འདུག་ཟེར་ ཞུ་ནི་ཨིན།

About admin

Check Also

སློབ་ཕྲུག་ཚུ་གི་དོན་ལུ་ ཚ་གྱང་ཆེ་བའི་གནད་དོན།

༉ རྒྱལ་ཁབ་ནང་ འདས་པའི་ལོ་དག་པ་ཅིག་ལས་ཚུར་ ནད་ཡམས་ཀོ་བིཌ་-༡༩ ལུ་བརྟེན་ སློབ་གྲྭ་ལ་ལོ་ཅིག་ སྒོ་བསྡམས་བཞག་དགོཔ་བྱུང་པའི་ཁར་ སློབ་ཕྲུག་ཨ་ལོ་ཚུ་གིས་ཡང་ སློབ་གྲྭ་ནང་ལས་ ཐོན་སྡོད་པའི་ གནས་སྟངས་བྱུང་ཡི། འདི་དང་འདྲཝ་སྦེ་ སློབ་དཔོན་བརྒྱ་ལས་བཅད་དེ་ དགོངས་ཞུ་འབད་མིའི་གྲས་ལས་ མང་ཤོས་ར་ …

Leave a Reply

Your email address will not be published. Required fields are marked *