ས་མཚམས་བརྒྱུད་དེ་ འཁོར་ལམ་༣ སེལ་ནིའི་འཆར་གཞི་ཡོད་ས་ལས་༢ སེལ་དོ་ཡོདཔ་ཨིན་རུང་༡ ཆ་མེད་སོང་ཡོདཔ།

འདས་པའི་ལོ་༢ དེ་ཅིག་གི་རིང་ བཀག་ཆ་འབད་བཞག་མི་ པདྨ་དགའ་ཚལ་ངང་ལམ་དང་ བསམ་གྲུབ་ལྗོངས་མཁར་ བདེ་བ་ཐང་བར་ནིའི་ འཁོར་ལམ་སེལ་ནིའི་ལཱ་དེ་ འགོ་བཙུགས་ཡོདཔ་ད་ དེའི་སྐོར་ལས་ ཁ་ཙ་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པ་ཚུ་དང་ བརྡ་བརྒྱུདཔ་གི་བར་ན་ ཟླ་རིམ་གྱི་ གྲོས་འཛོམས་འཚོགས་པའི་སྐབས་ལུ་ ཤེས་རྟོགས་བྱུང་ཡི།

དེ་བསྒང་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ གསུངས་མིའི་ནང་ འཁོར་ལམ་དེ་ སྤྱི་ལོ་༢༠༡༨ ལུ་ མཇུག་བསྡུ་ཚུགས་པའི་ འཆར་གཞི་ཡོད་ཟེར་ཨིནམ་ད་ དེ་དང་འབྲེལ་ བློན་ཆེན་གྱིས་ ཧེ་མའི་འཆར་གཞི་ ཆ་མེད་སོང་མིའི་སྐོར་ལས་ དོགས་སེལ་གསུངས་མིའི་ནང་ ལམ་སེལ་ལཱ་དེ་ ཕར་འགྱངས་འབདཝ་མ་གཏོགས་ ཆ་མེད་མ་བཏང་ཟེར་ཨིན་པས།

དེ་འབདཝ་ད་ ད་རེས་ཀྱི་ འཆར་གཞི་ལུ་ དུམ་གྲ་ཅིག་ བསྒྱུར་བཅོས་སོང་མི་དེ་ ཧེ་མའི་ འཆར་གཞི་དང་འཁྲིལ་བ་ཅིན་ ངང་ལམ་དང་ བདེ་བ་ཐང་གི་ལམ་དེ་ གཞུང་ལམ་སྦེ་ སེལ་ནིའི་འཆར་གཞི་བརྩམས་མི་དེ་ ད་རེས་ ཡན་ལག་ལམ་ལུ་བསྒྱུར་བཅོས་འབད་ནུག།

ད་ལྟོའི་འཆར་གཞི་དང་འཁྲིལ་བ་ཅིན་ ཡན་ལག་ལམ་དེ་ ངང་ལམ་ཁྲོམ་ལས་ ཀི་ལོ་མི་ཊར་༡༥ དེ་ཅིག་གི་ས་ཁར་ཡོད་པའི་ ཆོས་འཁོར་གླིང་རྒེད་འོག་ལྟེ་བ་ལས་ བདེ་བ་ཐང་ཁ་ཐུག་ ལམ་སེལ་ནིའི་ལཱ་ འགོ་བཙུགས་ཡོད་མི་དེ་ ད་ཚུན་ ཀི་ལོ་མི་ཊར་༦ དེ་ཅིག་ སེལ་ཚར་ཡོདཔ་ད་ ལམ་དེ་ དོང་དོང་མ་དང་ བའུ་དར་གཡུས་ཚན་བརྒྱུད་དེ་ བདེ་བ་ཐང་ མཐུད་སྦྲེལ་འབད་ནི་ཨིན་པས།

ལཱ་གི་དོན་ལུ་ སོ་ནམ་དང་ནགས་ཚལ་ལྷན་ཁག་གིས་ ས་བརྐོ་འཕྲུལ་ཆས་ ཨེགསི་ཀེ་བེ་ཊར་ཅིག་ བཙུགས་ཡོདཔ་ད་ སོ་ནམ་བློན་པོ་ ཡེ་ཤེས་རྡོ་རྗེ་གིས་འབད་བ་ཅིན་ ཡན་ལག་ལམ་དེ་གིས་ དོང་དོང་མ་ལུ་ཡོད་པའི་ ཞིང་གཤེགས་གདུང་སྲས་འཕྲིན་ལས་ནོར་བུ་རིན་པོ་ཆེ་མཆོག་གིས་ གདན་ས་ཕྱག་བཏབ་གནང་མི་ གཙུག་ལག་ཁང་དེ་ལུ་ ཕན་ཐོགས་འབྱུང་ནི་ཨིནམ་མ་ཚད་ གཡུས་ཚན་ལེ་ཤ་ཅིག་ལུ་ ཕན་ཐོགས་ནི་མས་ཟེར་ཨིནམ་ད་ ཧེ་མའི་འཆར་གཞི་དང་བསྟུན་ ལམ་སེལ་བ་ཅིན་ ནགས་ཚལ་ནང་ལས་ བརྒྱུད་དགོཔ་འཐོན་ནི་ཨིནམ་ལས་ གཡུས་ཚན་མངམ་ལུ་ ཕན་མི་ཐོགས་ནི་མས་ཟེར་ཨིན་པས།

ཧེ་མའི་ འཆར་གཞི་དང་འཁྲིལ་བ་ཅིན་ བདེ་བ་ཐང་དང་ ངང་ལམ་བར་ན་ གཞུང་ལམ་ ཀོ་ལོ་མི་ཊར་༦༨.༣ སེལ་ནི་སྦེ་འཆར་གཞི་བཟོ་ཐོག་ལས་ ཨེ་ཤི་ཡན་གོང་འཕེལ་དངུལ་ཁང་གིས་ མ་དངུལ་ཡུ་ཨེསི་ཌོ་ལར་༦༧༠,༠༠༠ ཟད་འགྲོ་བཏང་ཐོག་ལས་ བཟོ་རིག་དང་འབྲེལ་བའི་ལཱ་འབད་ཡོདཔ་མ་ཚད་ ལམ་སེལ་ལས་ཁུངས་ཀྱིས་ ལམ་གྱི་དཔག་ཚད་བཏོན་ནིའི་དོན་ལུ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༡༢.༥༩ ཐོག་ལས་ ལཱ་འབད་བའི་སྐབས་ ཉེན་སྲུང་གི་གནད་དོན་ཐོག་ལུ་ གཞུང་གིས་ ཕར་འགྱངས་འབད་བཞག་ནུག།

བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ གསུངས་མིའི་ནང་ ལམ་དེ་ ཕར་འགྱངས་འབད་བའི་སྐབས་ སྲིད་དང་འབྲེལ་བའི་གནད་དོན་དང་ རྒྱལ་ཁབ་གཞན་ཅིག་གིས་ བར་འཛུལ་འབད་དེ་ གཞུང་གིས་ ལམ་ཆ་མེད་བཏང་ཡི་ཟེར་ མ་བདེན་པའི་བསམ་འཆར་ལེ་ཤརང་ བཀོད་མི་ཐོན་ཡི་ཟེར་ཨིན་པས།

བློན་ཆེན་གིས་འབད་བ་ཅིན་ ལམ་དེ་ ས་མཚམས་བརྒྱུད་དེ་བཏོན་པ་ཅིན་ འབྲུག་དང་རྒྱ་གར་གྱི་ ས་མཚམས་ལུ་ཡོད་པའི་ མི་ངན་ཚུ་གིས་ འགྲུལ་པ་ཚུ་གི་ ཚེ་སྲོག་ལུ་ བར་ཆད་རྐྱབ་ནིའི་ ཉེ་ཁ་སྦོམ་ཡོདཔ་ལས་བརྟེན་ ཕར་འགྱངས་འབད་བཞག་ཡི་ཟེར་ཨིནམ་ད་ ད་རེས་ ས་ཁོངས་ཚུ་ནང་ ཉེན་སྲུང་གི་དཀའ་ངལ་ ཧེ་མ་དང་ཕྱདཔ་ད་ ལེ་ཤ་གིས་ ལེགས་ཤོམ་སོང་ཡོདཔ་མ་ཚད་ ལམ་དེ་ གཡུས་ཚན་བརྒྱུད་དེ་ སེལ་དོ་ཡོདཔ་ལས་ ཉེན་སྲུང་གི་ བྱ་སྟབས་མ་བདེཝ་ མི་འཐོན་ཟེར་ཨིན་པས།

དེ་མ་ཚད་ ཧེ་མའི་ལམ་དེ་ ཨེ་ཤི་ཡན་གོང་འཕེལ་དངུལ་ཁང་གི་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ སེལ་བའི་སྐབས་ རིན་བསྡུར་ནང་ རྒྱལ་སྤྱིའི་ཁག་འབགཔ་ཚུ་གིས་ བཅའ་མར་གཏོགས་ནི་ཨིནམ་ལས་ གལ་སྲིད་ལཱ་དེ་ ཁོང་གིས་ འཐོབ་པ་ཅིན་ ག་བཟུམ་སེལ་ནི་ཨིན་ན་ མི་ཤེས་ནི་ཨིན་རུང་ ད་རེས་ཀྱི་འཆར་གཞི་དེ་ གཞུང་གིས་ བརྩམས་ཡོདཔ་མ་ཚད་ མ་དངུལ་ཡང་ གཞུང་གིས་བཏོན་ དེ་ལས་ ཁག་འབགཔ་ཡང་ ནང་འཁོད་ཀྱི་མི་འབདཝ་ལས་ ལཱ་འབདཝ་ད་ བྱ་སྟབས་བདེ་ཏོག་ཏོ་འོང་ཟེར་ཨིན་པས།

དེ་འབདཝ་ད་ ངང་ལམ་དང་ བདེ་བ་ཐང་གི་ གཞུང་ལམ་དང་གཅིག་ཁར་ འཆར་གཞི་བརྩམས་མི་ གསར་སྤང་དང་ དར་དཀར་ནང་ ལྷ་མོའི་རྫིང་ཁ་བར་ན་ ཀི་ལོ་མི་ཊར་༩༨ འབད་མི་ གཞུང་ལམ་སེལ་ནི་ཨིན་མི་དེ་ ཆ་མེད་སོང་ཡོདཔ་ད་ དེ་ཡང་ བློན་ཆེན་གྱིས་འབད་བ་ཅིན་ ས་གནས་དེ་ཚུ་ནང་ ད་ལྟོའི་བར་ན་ཡང་ མི་བཀྲ་མ་ཤིསཔ་ཚུ་ཡོདཔ་ལས་ ལམ་སེལ་བ་ཅིན་ འགྲུལ་པ་ཚུ་ལུ་ གནོདཔ་བཀལ་ནིའི་ ཉེན་ཁ་སྦོམ་འདུག་ཟེར་ཨིན་པས།

དེ་ལས་ བསམ་གྲུབ་ལྗོངས་མཁར་ཁྲོམ་དང་ ཇོ་བོ་གཙང་ཁ་དྲུང་ཁག་གི་བར་ན་ ནང་འཁོད་ལས་གཞུང་ལམ་ སེལ་ནི་འགོ་བཙུགས་ཡོདཔ་ལས་ དེ་གིས་ ད་ལས་ཕར་ ས་གནས་༢ ཀྱི་བར་ན་ རྒྱུན་འབྲེལ་འབད་བའི་སྐབས་ རྒྱ་གར་ ཨ་སམ་མངའ་སྡེའི་བརྒྱུད་དེ་ འགྱོ་དགོཔ་མི་འཐོན་ནི་ཨིནམ་ལས་ ཉེན་སྲུང་དང་ལྡནམ་སྦེ་ རྒྱུན་འགྲུལ་འཐབ་ཚུགས་ནི་ཨིན་པས།

ད་ཚུན་ ལམ་ཀི་ལོ་མི་ཊར་༡༢ སེལ་ཚར་ཡོདཔ་ད་ ལམ་སེལ་ལཱ་དེ་ མཇུག་བསྡུ་བའི་སྐབས་ ཇོ་མོ་གཙང་ཁ་དྲུང་ཁག་དེ་ བསམ་རང་བརྒྱུད་དེ་ བསམ་གྲུབ་ལྗོངས་མཁར་ཁྲོམ་དང་ མཐུད་སྦྲེལ་འབད་ནི་ཨིནམ་ད་ ད་ལྟོ་ ཨ་སམ་བརྒྱུད་དེ་འགྱོ་བའི་སྐབས་ ཀོ་ལོ་མི་ཊར་༡༨༠ རྒྱུན་འགྲུལ་འབད་དགོཔ་ ཨིན་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *