ས་མཚམས་ཁྲོམ་སྡེ་ནང་ ངོ་རྒོལ་ལུ་བརྟེན་ འབྲུག་མི་ཚུ་ལུ་ གནོད་ཉེན།

༉ ཁ་ཙ་ ཕུན་ཚོགས་གླིང་གི་ ས་མཚམས་བརྒལ་ཏེ་ དུས་ཡུན་ཆུ་ཚོད་༡༢ ཀྱི་རིང་ ལས་བཤོལ་ངོ་རྒོལ་ལས་རིམ་ཅིག་ འགོ་འདྲེན་འཐབ་མི་ལུ་བརྟེན་ སྣུམ་འཁོར་གྱི་ རྒྱུན་འགྲུལ་ཚུ་ བཀག་ཡོདཔ་མ་ཚད་ འབྲུག་མི་ཚུ་ཡང་ ས་མཚམས་སྒོ་རའི་ཕྱི་ཁར་ འགྱོ་མ་བཅུག་པར་བཞག་ནུག།
དེ་ཡང་ ས་མཚམས་ཀྱི་ཕྱི་ཁར་ གོར་ཁ་ ཇཱན་མུག་ཏི་ མོར་ཅ་ཟེར་མི་ ལས་ཚོགས་ཀྱིས་ ལས་བཤོལ་ངོ་རྒོལ་ འགོ་བཙུགས་ནི་དེ་གིས་ཨིནམ་ད་ ཁ་ཙ་དྲོ་པ་ཧ་སག་ར་ མི་སེར་སྟོང་ཕྲག་ལེ་ཤ་ཅིག་གིས་ ཁྲོམ་ལམ་བདའ་སྟེ་ ངོ་རྒོལ་འགྲེམས་སྟོན་ནང་ བཅའ་མར་གཏོགས་ཡོདཔ་ཨིན་པས།
རྒྱ་གར་ནུབ་བེང་གཱལ་གྱི་ས་གནས་ དུ་ཝར་ས་ཁོངས་ཚུ་ནང་ ངོ་རྒོལ་འབད་མི་ཚུ་ ཁྲིམས་སྲུང་འགག་པ་གིས་ བར་འཛུལ་ཐོག་ བཀག་འཛིན་འབད་ནུག།
ངོ་རྒོལ་ཚུ་ལུ་བརྟེན་ གནས་སྟངས་དེ་ ག་དེ་སྦེ་ འགྱོ་འོང་ག་ ད་ལྟོ་ ཏན་ཏན་སྦེ་ སླབ་མི་ཤེས་དོ་ཡོདཔ་ད་ ངོ་རྒོལ་ཚུ་ཡང་ སྤྱི་ཟླ་༦ པའི་བདུན་ཕྲག་དང་པའི་ནང་ ནུབ་བེང་གཱལ་མངའ་སྡེ་གཞུང་གི་ གཙོ་འཛིན་བློན་པོ་ མམ་ཏ་ བ་ནེར་ཇི་གིས་ དར་ཇེ་ལིང་རི་ལྡན་སློབ་གྲྭ་ཚུ་ནང་ བེང་ག་ལིའི་སྐད་ཡིག་ ངེས་པར་དུ་ སློབ་སྟོན་འབད་དགོ་པའི་ གསལ་བསྒྲགས་འབད་བའི་ཤུལ་ལས་ ཇི་ཇེ་ཨེམ་ལས་ཚོགས་ཀྱིས་ རྒྱབ་འགལ་སྒྲིང་སྒྲི་འབད་དེ་ ངོ་རྒོལ་འབད་ནི་ འགོ་བཙུགས་ཡོདཔ་ཨིན་པས།
ངོ་རྒོལ་འགྲེམས་སྟོན་ཚུ་ གནོད་ཚབས་ཅན་ཅིག་ལུ་གྱུརཝ་ད་ རྒྱབ་སྐྱོར་པ་ཚུ་དང་ ཁྲིམས་སྲུང་འགག་པའི་བར་ན་ འཐབ་འཛིང་བྱུངམ་ད་ ཇི་ཇེ་ཨེམ་གྱི་ རྒྱབ་སྐྱོར་པ་༣ དེ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་མ་ཚད་ ཁྲིམས་སྲུང་འགག་པའི་ འགོ་དཔོན་ཅིག་ལུ་ཡང་ གནོད་སྐྱོན་ཚབས་ཆེན་བྱུང་ཡོདཔ་སྦེ་ རྒྱ་གར་གྱི་ བརྡ་བརྒྱུད་ནང་བཀོད་ནུག།
དེ་གི་ཧེ་མར་ སྤྱི་ཟླ་༦ པའི་ཚེས་༡༥ དང་༡༦ ལུ་ཡང་ དུ་ཝར་ལུ་ ཞི་བའི་ངོ་རྒོལ་འགྲེམས་སྟོན་༢ འགོ་འདྲེན་འཐབ་པའི་སྐབས་ལུ་ཡང་ ངོ་རྒོལ་མཇུག་མ་བསྡུ་ཚུན་ཚོད་ ས་མཚམས་ཁར་སྡོད་མི་ འབྲུག་མི་ཚུ་ ཇའི་སྒང་ཁྲོམ་ནང་ འགྱོ་ནི་ལས་ བཀག་འཛིན་འབད་ཡོདཔ་ཨིན་པས།
དེ་འབདཝ་ད་ དར་ཇེ་ལིང་གི་ རི་ལྡན་ཁྲོམ་ནང་ ངོ་རྒོལ་འགྲེམས་སྟོན་དེ་ གནོད་ཚབས་ཅན་ཅིག་ལུ་ གྱུར་ཡོད་མི་དང་བསྟུན་ དུ་ཝར་གྱི་ས་གནས་ ཀཱལ་ཅི་ནི་དང་ དཱལ་སིང་པ་ར་ཚུ་ནང་ཡང་ ངོ་རྒོལ་འབད་ནི་ཚུ་ འགོ་བཙུགས་ཡོདཔ་ཨིན་པས།
དེ་བཟུམ་མའི་ ངོ་རྒོལ་འགོ་བཙུགས་མི་དེ་གིས་ ས་མཚམས་ཀྱི་ཕྱི་ཁར་ འབྲུག་མི་སྟོང་ཕྲག་ལས་བཅད་དེ་ སྡོད་མི་ཚུ་གི་ ཉེན་སྲུང་ལུ་ ཚ་གྱང་ཡོད་མི་ལུ་བརྟེན་ དྲུང་ཁག་བདག་སྐྱོང་གིས་ ཇའི་སྒང་གི་ ཁྲིམས་སྲུང་འགག་པ་དང་ མཉམ་འབྲེལ་འབད་ཐོག་ལས་ ལས་བཤོལ་ངོ་རྒོལ་དང་ ངོ་རྒོལ་འགྲེམས་སྟོན་ཚུ་ལུ་ ལྟ་རྟོག་དམ་ཟབ་འབད་བཞིན་དུ་ཡོད་མི་དེ་ཡང་ འབྲུག་མི་ཚུ་ལུ་ གནོད་སྐྱོན་མི་འབྱུང་ནིའི་དོན་ལུ་ཨིན་པས།
ཕུན་ཚོགས་གླིང་གི་དྲུང་པ་ ཀརྨ་རིན་ཆེན་གྱིས་ སླབ་མིའི་ནང་ བདག་སྐྱོང་ཡིག་ཚང་གིས་ ས་མཚམས་ཕྱི་ཁའི་ ཁྲིམས་སྲུང་འགག་པ་དང་གཅིག་ཁར་ འབྲེལ་བ་འཐབ་སྟེ་ར་ཡོདཔ་མ་ཚད་ གནས་སྟངས་དེ་ ལྟ་རྟོག་འབད་བཞིན་དུ་ཡོད་པའི་ཁར་ ས་མཚམས་ནང་སྡོད་མི་ འབྲུག་མི་ཚུ་ལུ་ དྲནམ་བཏོན་ཏེ་ སྡོད་དགོ་པའི་ བརྡ་དོན་ཚུ་ སྤྲོད་དེ་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ འབྲུག་མི་ཚུ་ བྲེལ་ཟིང་ཡོད་སའི་ ས་གནས་ཚུ་ནང་ ལམ་འགྲུལ་འབད་ནི་ལས་ འཛེམ་དགོཔ་སྦེ་ སླབ་སྟེ་ཡོད་ཟེར་ཨིན་པས།
དར་ཇེ་ལིང་དང་ ཀ་ལིམ་པོང་ལུ་ དཔེ་ཆ་ལྷབ་མི་ འབྲུག་པའི་སློབ་ཕྲུག་ཚུ་ ཉེན་སྲུང་ཐོག་ལུ་ཡོདཔ་ད་ ང་བཅས་ཀྱིས་ སློབ་ཕྲུག་ཚུ་ སློབ་གྲྭའི་ས་ཁོངས་ནང་ར་ སྡོད་དགོཔ་སྦེ་ སླབ་སྟེ་ཡོད་ཟེར་ དྲུང་པ་གིས་ བཤདཔ་ཨིན་པས།
ད་ལྟོ་ སློབ་ཕྲུག་ཚུ་ ཆོས་རྒྱུགས་རྐྱབ་པའི་བསྒང་ཡོདཔ་ད་ རི་ལྡན་ས་ཁོངས་ཚུ་ནང་ སྲུང་སྐྱོབ་གནས་སྟངས་སྐྱོ་དྲགས་ འགྱོ་བ་ཅིན་ སློབ་ཕྲུག་ཚུ་ རྒྱ་གར་གྱི་ མཉམ་རོགས་ཚུ་གི་ ཉེན་སྲུང་གྲོགས་རམ་ཐོག་ལས་ རྒྱལ་ཁབ་ནང་ འོང་བཅུག་འོང་ཟེར་ དྲུང་པ་ཀརྨ་རིན་ཆེན་གྱིས་ བཤདཔ་ཨིན་པའི་གནས་ཚུལ།

About admin

Check Also

མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༢༡ གསལ་བསྒྲགས་འབད་ཡོདཔ།

༉ ཁ་ཙ་ མི་སེར་དམངས་གཙོ་ཚོགས་པ་གིས་ ཐིམ་ཕུག་ལུ་སྦེ་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་ཐེངས་༤ པའི་དོན་ལུ་ འདེམས་ངོ་༢༡ གསལ་བསྒྲགས་འབད་ ཡོདཔ་ཨིན་པས། དེ་དང་འཁྲིལ་ཏེ་ ད་ལྟོ་ཚུན་ཚོད་ མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༤༧ ལས་༤༢ …

Leave a Reply

Your email address will not be published. Required fields are marked *