རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ།

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག།

འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ ས་པུ་ན་ སུ་བྷ་གིས་ ཨི་ཇིབ་རྒྱལ་ཁབ་ཀྱི་ རྩེད་འགྲན་པ་དྲག་ཤོས་ཐོན་མི་དང་གཅིག་ཁར་ དོ་འགྲན་འབད་ནི་ཨིནམ་ལས་ གལ་སྲིད་ རྒྱལ་ཁ་འཐོབ་པ་ཅིན་ མིང་གཏམ་འཐོན་ནིའི་ གོ་སྐབས་ཡོདཔ་ཨིན་པས།

རྒྱལ་སྤྱིའི་ནང་ ནད་ཡམས་ཀོ་བིཌ་༡༩ འི་གནས་སྟངས་ནང་ ས་པུ་ན་ སུ་བྷ་གིས་ རྒྱལ་སྤྱིའི་རྩེད་འགྲན་ཐེངས་༢ བཅའ་མར་གཏོགས་ཡོདཔ་ཨིན་པས།

ད་ལྟོ་ཚུན་ འགྲན་བསྡུར་༣ འབད་མི་ལས་ ཚར་༡ རྒྱལ་ཁ་ཐོབ་ཡོདཔ་ད་ དེ་ཡང་ སྤྱི་ཟླ་༥ པའི་ཚེས་༡༧ ལུ་ ས་པུ་ན་དང་ བང་ལ་དེཤ་གི་ཆ་རོགས་གཅིག་ཁར་ ཟུང་འགྲན་ནང་ ཨིང་ལེནཌི་སྡེ་ཚན་ལུ་ ཕམ་ཡོདཔ་བཞིན་དུ་ སྤྱི་ཟླ་༥ པའི་ཚེས་༡༦ ལུ་ ཧོང་ཀོང་སྡེ་ཚན་ལས་ཡང་ ཕམ་སོ་ནི་དེ་གིས་ ཟུང་འགྲན་དབྱེ་ཁག་གི་ རྩེད་འགྲན་མཇུག་བསྡུ་ཡོདཔ་ཨིན་པས།

ཨིན་རུང་ རྐྱང་འགྲན་གྱི་དབྱེ་ཁག་ནང་ རྩེད་འགྲན་པ་ ས་པུ་ན་གིས་ ལས་རིམ་འགོ་འདྲེན་འཐབ་མི་ བྷ་རེན་གྱིས་ རྩེད་འགྲན་པ་ ཕམ་བཏང་ཡོདཔ་ལས་ ཐེངས་༢ པའི་རྩེད་འགྲན་དེ་ ཨི་ཇིབ་ཀྱི་ རྩེད་འགྲན་པ་དང་ དོ་འགྲན་འབད་ནི་ཨིན་པས།

ས་པུ་ན་ སུ་བྷ་གིས་ སྤྱི་ལོ་༢༠༢༡ ལུ་ དར་དཀར་ན་ མགོ་སར་གླིང་སློབ་གྲྭ་ལྟེ་བ་ལས་ སློབ་རིམ་༡༢ པའི་ནང་ མཐར་འཁྱོལ་ཡོདཔ་ད་ འབྲུག་གི་ པ་ར་ ལུས་རྩལ་ཚུ་གི་གྲས་ལས་ རྒྱལ་སྤྱིའི་རྩེད་འགྲན་ཚུ་ནང་ བཅའ་མར་གཏོགས་ཏེ་ རྒྱལ་ཁའི་རྟགས་མ་ཐོབ་མི་ འགོ་དང་པ་ཨིན་པས།

སྤྱི་ལོ་༢༠༢༡ ཟླ་༡༢ པའི་ནང་ བྷ་རེན་ལུ་སྦེ་ ཨེ་ཤི་ཡཱན་ན་གོན་པེ་ར་རྩེད་རིགས་འགྲན་བསྡུར་ འགོ་འདྲེན་འཐབ་མི་ལས་ ས་པུ་ན་གིས་ རྩེད་འགྲན་དབྱེ་ཁག་༢ ནང་ལས་ དྲག་ཤོས་ཨང་༢ པ་ ཚར་༢ ཐོན་ནི་དེ་གིས་ དངུལ་གྱི་རྟགས་མ་༢ ཐོབ་ཡོདཔ་ཨིན་པས།

ད་རེས་ དོ་འགྲན་འབད་མིའི་ནང་ འཛམ་གླིང་ནང་ ཧེ་མ་ལས་ དྲག་ཤོས་ཐོན་མི་ རྩེད་འགྲན་པ་ལེ་ཤ་ཅིག་དང་ དོ་འགྲན་འབད་དགོ་ནི་དེ་གིས་ བཅའ་མར་གཏོགས་ཡོདཔ་ལས་ རྒྱལ་རྟགས་སྦེ་ རྟགས་མ་འཐོབ་ནི་དེ་ ལཱ་ཁག་རྐྱབ་ནི་མས་ཟེར་ ས་པུ་ན་གིས་ བཤདཔ་ཨིན་པས།

པེ་ར་ལུས་རྩལ་ནང་ དམིགས་གཏད་བསྐྱེད་དེ་ སྦྱོང་བརྡར་དང་ སློབ་སྦྱོང་འབད་ནི་ཨིན་རུང་ རྒྱལ་ཁབ་ནང་འཁོད་ སློབ་གཉེར་གྲོགས་རམ་གྱི་དོན་ལུ་ ཞུ་ཡིག་བཙུགས་ཡོད་མི་དེ་ མོ་དང་འཁྲིལཝ་ད་ པེ་ར་ལུས་རྩལཔ་གཞན་ཚུ་ལུ་ དཔའ་ཉམས་དང་ བློ་སྟོབས་བསྐྱེད་ཐབས་ལུ་ཨིན་ཟེར་ཨིན་པས།

ས་པུ་ན་དང་ མོ་གི་སློབ་སྟོན་པ་ རྡོ་རྗེ་༢ བྷ་རེན་ལུ་ སྤྱི་ཟླ་༥ པའི་ཚེས་༡༢ ལུ་ལྷོད་ཡོདཔ་བཞིན་དུ་ རྩེད་འགྲན་ངོ་མའི་ནང་ བཅའ་མར་མ་གཏོགས་པའི་ཧེ་མར་ ལྕོགས་གྲུབ་དང་ རིག་རྩལ་གོང་འཕེལ་གཏང་ཐབས་ལུ་ སྦྱོང་བརྡར་འབད་ཡོདཔ་ཨིན་པས།

སྤྱི་ཟླ་༥ པའི་ཚེས་༡༦ ལུ་ རྒྱལ་སྤྱི་པེ་ར་ལུས་རྩལ་འགྲན་བསྡུར་ འགོ་འདྲེན་འཐབ་མི་དེ་ སྤྱི་ཟླ་༥ པའི་ཚེས་༢༡ ལུ་ མཇུག་བསྡུ་ཨིན་པས།

བྷ་རེན་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་དེ་ ལུས་རྩལཔ་ག་རའི་དོན་ལུ་ སྒོ་ཕྱེས་ཡོདཔ་ད་ རྩེད་འགྲན་དེ་ བྷ་རེན་བེཊ་མིན་ཊཱོན་དང་ ཨིས་ཀོཤ་ཚོགས་པ་༢ ཀྱིས་ མཉམ་རུབ་ཐོག་ལས་ འགོ་འདྲེན་འཐབ་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

རྒྱུ་དངོས་གསལ་སྟོན་འབད་ནིའི་ དུས་ཚོད་ཕར་འགྱངས་འབད་དགོ་པའི་ཞུ་བ།

༉ རྒྱལ་ཁབ་ཀྱི་ཁྲིམས་དང་ ལམ་ལུགས་ཚུ་དང་འཁྲིལ་ ལོ་བསྟར་བཞིན་དུ་ རྒྱུ་ནོར་ལ་སོགས་པའི་རིགས་ ག་ཅི་ར་ ཉོ་སྒྲུབ་འབད་ཡོདཔ་ཨིན་ན་དང་ སྤྱི་གཡོགཔ་གི་ མིང་ཐོ་ཁར་ རྒྱུ་དངོས་འཆང་ཡོད་མི་ཚུ་ གསལ་སྟོན་འབད་དགོཔ་དེ་ ཁག་ཆེ་ཤོས་ཅིག་ཨིནམ་ ང་བཅས་ག་ར་གིས་ མ་ཤེསཔ་མེད་ཟེར་ཞུ་ནི། སྤྱི་ཟླ་༦ …

Leave a Reply

Your email address will not be published. Required fields are marked *