ས་ཆའི་རྩོད་དོན་ནང་ རྩོད་ཟླ་ཚུ་གིས་ ཉེས་འཛུགས་ཚུ་ལུ་ བརྒལ་ལན་ཕུལ་ཡོདཔ།

རྩོད་ཟླ་༡ གིས་ གལ་སྲིད་ བདེན་པ་མེདཔ་ ཐོན་སོང་པ་ཅིན་ ཟ་ཁང་དེ་ དངུལ་ཀྲམ་ས་ཡ་༣༠༠ སྦེ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཉོ་དགོ་པའི་ གསལ་ཞུ་ཕུལ་ཡི།

༉ སྤྱི་ཟླ་༦ པའི་ཚེས་༥ ལུ་ ཀྲོང་གསར་ཁྲིམས་ཀྱི་འདུན་སར་ སྟག་རྩེ་ལུ་ ཁྲིམས་འགལ་ཐོག་ལས་ ས་ཚབ་སྤྲོད་ལེན་དང་འབྲེལ་བའི་ རྩོད་བཤེར་གྱི་ ཐོག་མའི་སྙན་གསན་མཛད་པའི་སྐབས་ ཉེས་འཛུགས་ཅན་༡༠ ག་ར་གིས་ རྩོད་རྩ་ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་བཀལ་མི་ ཉེས་འཛུགས་ཚུ་ལུ་ བདེན་པ་མེད་པའི་ བརྒལ་ལན་ཕུལ་ཡི།

རྩོད་ཟླ་ཚུ་གིས་འབད་བ་ཅིན་ ས་ཚབ་སྤྲོད་ལེན་གྱི་དོན་ལུ་ ཡིག་ཆ་རྫུས་བཟོ་དང་ མིང་རྟགས་རྫུས་མ་བཀོད་བཀོདཔ་ མེད་པའི་ཁར་ ཉེས་ལས་འཐབ་ནིའི་ནང་ ཤེས་བཞིན་མཐོང་བཞིན་འབད་བ་དང་ ཚོང་འབྲེལ་འཐབ་མི་ཚུ་ལས་ ནང་གསུག་ཡང་ ལེན་ཟ་ཟཝ་མེད་ཟེར་ཨིན་པས།
རྩོད་དོན་དེ་ནང་ ཁ་ཉེས་ཕོག་མི་གཙོ་ཅན་ དེ་བསྒང་ ཀྲོང་གསར་གྱི་ རྫོང་བདག་སྦེ་ ཕྱག་ཞུ་མི་ ལྷབ་རྡོ་རྗེ་གིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ དབྱེ་ཞིབ་ཚུ་ ལེགས་ཤོམ་སྦེ་ མ་འབད་མི་ལུ་བརྟེན་ ཁོང་གི་ ཀུན་སྤྱོད་རྣམ་གཞག་ཚུ་དང་འཁྲིལ་ ལཱ་ག་དེ་སྦེ་ར་ འབད་ཡོདཔ་ཨིན་ན་ ཁྲིམས་འདུན་ལས་ དབྱེ་ཞིབ་གནང་དགོཔ་འདུག་ཟེར་ཞུ་ཡི།
ས་ཆ་དང་འབྲེལ་བའི་ རྩོད་དོན་དེ་ལུ་ ལྷན་ཚོགས་ཀྱིས་ དབྱེ་ཞིབ་འབད་དགོ་མི་དེ་ཡང་ གཙོ་བོ་ར་ གཅིག་གིས་གཅིག་ལུ་ དགའཝ་དང་མ་དགཝ་ ངལ་རངས་མ་རངས་ལུ་ གཞི་བཞག་སྟེ་ཨིན་པའི་ཁར་ སྙན་ཞུ་འབད་མི་དེ་ ཀྲོང་གསརཔ་ཅིག་ཨིན་པ་གིས་མ་ཚད་ དབྱེ་ཞིབ་དེ་ཡང་ ཀྲོང་གསརཔ་ཅིག་གིས་ར་ འབད་ནི་དེ་གིས་ཨིན་ཟེར་ ལྷབ་རྡོ་རྗེ་གིས་ ཁྲིམས་འདུན་ལུ་ ཞུ་ཡི།
ཁོ་གིས་འབད་བ་ཅིན་ མ་གཞི་ ལྷན་ཚོགས་དེ་ རྩ་ཁྲིམས་ཅན་གྱི་ གཙུག་སྡེ་ཅིག་འབད་བ་ལུ་བརྟེན་ གུས་བཀུར་ཐོག་ལས་ ད་ལྟོ་ཚུན་ ག་ཅི་ཡང་མ་ཞུ་བར་ བཞག་ཡོདཔ་ཨིན་རུང་ དེ་བཟུམ་མའི་ ཕྱག་ལཱ་མཛད་ས་མཐོངམ་ད་ སེམས་ཕམ་སྦོམ་སྦེ་ར་ བྱུང་ཡི་ཟེར་ཨིན་པས།
ཁོ་གིས་ དེ་བསྒང་ སྟག་རྩེ་མཐོ་རིམ་སློབ་གྲྭའི་དོན་ལུ་ ས་ཆ་གཞུང་བཞེས་དང་འབྲེལ་བའི་ ས་ཚབ་སྤྲོད་ལེན་ནང་ ཁོ་གིས་ ཡིག་ཆ་རྫུས་བཟོ་དང་ མི་རྟགས་རྫུས་མ་བཀོད་པ་ དེ་ལས་ ཡིག་ཚང་གི་ བྱ་སྤྱོད་ལོག་སྤྱོད་འབད་འབདཝ་ རྩ་ལས་ར་མེད་ཟེར་ཞུ་ཡི།
དེ་མ་ཚད་ ས་ཆ་དང་འབྲེལ་བའི་ གནད་དོན་ཚུ་བལྟ་མི་ རྫོང་ཁག་ནང་ ཚོགས་ཆུང་ཅིག་ སྡོད་ཡོདཔ་བཞིན་དུ་ ཁོ་གིས་ གཡོ་སྒྱུ་འཐབ་སའི་ ས་གོ་མེད་པའི་ཁར་ ཁོ་རའི་གནས་ཚང་ ཀརྨ་ཚུལ་ཁྲིམས་སྒྲོལ་མ་གིས་ ས་ཆ་ཉོ་མ་ཚར་ཚུན་ མི་སེར་གཞན་ལུ་ཡང་ རྒུད་འཐུས་སྤྲོད་ནི་དེ་ བཀག་བཞག་ནུག་ཟེར་ ཉེས་འཛུགས་བཀལ་མི་དེ་ཡང་ མི་བདེན་ཟེར་ རྫོང་བདག་བགྲེསཔ་གིས་ ཞུ་ཡི།
ཁོ་གིས་ གསལ་ཞུ་འབད་མིའི་ནང་ རྒུད་འཐུས་སྤྲོད་ནིའི་ནང་ དུམ་གྲ་ཅིག་ དུས་ཚོད་ཕྱིས་དགོ་མི་དེ་ཡང་ གཙོ་བོ་ར་ ས་ཁོངས་དེ་ནང་ རྒྱལ་གཞུང་གཙུག་ལག་སློབ་སྡེ་གིས་ དགོས་མཁོ་ཡོད་པའི་ ས་ཆའི་རྒྱ་ཚད་ ནན་བསྐྱར་བསྒྱུར་བཅོས་སོང་མི་དང་ རྒུད་འཐུས་ཀྱི་ ཚད་གཞི་ཚུ་ཡང་ བསྒྱུར་བཅོས་སོང་མི་ལུ་བརྟེན་ཏེ་ཨིན་ཟེར་ཨིན་པས།
དེ་བཟུམ་སྦེ་ ཁོ་རའི་གནས་ཚང་ ཀརྨ་ཚུལ་ཁྲིམས་སྒྲོལ་མ་ལུ་ ས་བཙོང་མི་ སའི་ཇོ་བདག་ རྒྱལ་མོ་ལུ་ རྫོང་བདག་ཁོ་ར་གིས་ དེ་བསྒང་གི་ བྲག་སྟེང་རྒཔོ་བསྟན་འཛིན་དང་ ཤམ་བྷ་ལ་ཟ་ཁང་གི་ ཇོ་བདག་ཚུ་ འཛོམས་ཐོག་ལུ་ གཞུང་ལས་གནང་མི་ སའི་རྒུད་འཐུས་ཨིན་ཟེར་ དངུལ་ཀྲམ་༤༥,༠༠༠ སྤྲོད་ཡོདཔ་སྦེ་ ཁ་ཉེས་བཀལ་མི་དེ་ཡང་ མི་བདེན་ཟེར་ཞུ་ཡི།
ཁོ་གིས་ རྒྱལ་མོ་ལུ་ ཏི་རུ་སྤྲོད་ནི་ཕར་བཞག་ ད་ལྟོ་ཚུན་ཚོད་ ཚར་གཅིག་ཡང་ མཐོང་མཐོངམ་ར་ མེད་ཟེར་ཞུ་ཡི།
ཀརྨ་ཚུལ་ཁྲིམས་སྒྲོལ་མ་གིས་ བརྒལ་ལན་ཕུལ་མིའི་ནང་ ལྷན་ཚོགས་ཀྱིས་ དབྱེ་ཞིབ་འབད་མི་དེ་ཡང་ གཙོ་བོ་ར་ མོ་གི་ཚོང་འབྲེལ་ གནོད་པ་རྐྱབ་ནི་ལུ་ དམིགས་ཏེ་ཨིནམ་ལས་ ག
གཞན་འབད་བ་ཅིན་ ཟ་ཁང་གི་ཚོང་འབྲེལ་ ལེགས་ཤོམ་གྱོ་མ་བཏུབ་མི་ལུ་བརྟེན་ ཟ་ཁང་དེ་ སྟང་སི་སྦྱིས་གློག་མེ་ལས་འགུལ་ལུ་ དངུལ་ཀྲམ་ས་ཡ་༢༣༣ སྦེ་ བཙོང་ནི་གི་ འཆར་གཞི་བརྩམས་ཏེ་ བཀོད་ཚོགས་ཀྱིས་ གྲོས་ཐག་བཅད་ནིའི་གུ་ ལྷོད་པའི་སྐབས་ ལྷན་ཚོགས་ཀྱིས་ བཀག་ཆ་འབད་ད་ཡི་ཟེར་ བརྒལ་ལན་ནང་བཀོད་ནུག།
དེ་བསྒང་ ཟ་ཁང་དེ་ལུ་བརྟེན་ ལོ་བསྟར་བཞིན་དུ་ དངུལ་ཀྲམ་འབུམ་༦༥ རེ་ ཐོབ་མི་རྩིས་རྐྱབ་སྟེ་ ད་ལྟོ་ཚུན་ ཟ་ཁང་སྒོ་བསྡམས་བཞག་སྟེ་ ལོ་༣ ལང་ཡོད་མི་ཚུ་ རྩིས་རྐྱབ་ད་ གྱོང་རྒུད་དངུལ་ཀྲམ་ས་ཡ་༡༩ དེ་ཅིག་ ཕོག་ནུག་ཟེར་ ཀརྨ་ཚུལ་ཁྲིམས་སྒྲོལ་མ་གིས་ཞུ་ཡི།
དེ་མ་ཚད་ ཟ་ཁང་དེ་ རྐྱབ་པའི་སྐབས་ དངུལ་ཁང་ཚུ་ལས་ བསྐྱིན་གྲུལ་ལེན་ཡོདཔ་མ་ཚད་ གཏའ་མ་བཙུགས་མི་ ཁོང་རའི་ མི་ཚན་ཚུ་གི་ རྒྱུ་དངོས་ཚུ་ཡང་ ད་རེས་ དངུལ་ཁང་གིས་ འབག་ནིའི་གུ་ ལྷོད་དེ་ཡོད་ཟེར་ཞུ་ཡི།
དེ་བཟུམ་སྦེ་ ཁྲིམས་ཞབས་ལས་ ལྷན་ཚོགས་ཀྱིས་ ཟ་ཁང་དེ་ ལག་ལེན་འཐབ་ནི་ལས་ བཀག་ཆ་འབད་ནིའི་ ཡིག་ཆ་ཚུ་ཡང་ཡོད་མེད་ གཟིགས་གནང་དགོཔ་སྦེ་ཞུ་ཡི།
མ་གཞི་ སྙན་གསན་གྱི་སྐབས་ ཀརྨ་ཚུལ་ཁྲིམས་སྒྲོལ་མ་ཡང་ཡོད་རུང་ མོ་རའི་ངོ་ཚབ་ལུ་ ལྷབ་རྡོ་རྗེ་གིས་ ཞུ་མིའི་ནང་ ལྷན་ཚོགས་ཀྱིས་ དབྱེ་ཞིབ་འབད་བའི་ སྙན་ཞུ་དེ་ བརྡ་བརྒྱུད་ལུ་སྤྲོད་དེ་ གསར་ཤོག་ནང་ ཁོ་ལུ་ མ་བདེན་པའི་ ཉེས་འཛུགས་ཁག་༢༠ བཀོད་དེ་ པར་སྐྲུན་འབད་ཡི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ བརྡ་བརྒྱུད་ནང་བཀོད་མི་ ཉེས་འཛུགས་རེ་རེ་ལུ་ དངུལ་ཀྲམ་ས་ཡ་༡༥ རེ་སྦེ་ ལྷན་ཚོགས་དང་གཅིག་ཁར་ འབའ་རྐྱབ་ནི་སྦེ་ ཞུ་བ་འབད་རུང་ དྲང་དཔོན་གྱིས་ དེ་ལུ་ ངོས་ལན་མཛད་མ་བཏུབ་པའི་ཁར་ ལྷན་ཚོགས་ཀྱི་ ངོ་ཚབ་ཚུ་གིས་ཡང་ ཁ་བཟེད་མ་བཏུབ།
ད་རུང་ ལྷབ་རྡོ་རྗེ་གིས་ གནད་དོན་དེ་གི་སྐོར་ལས་ ཉོགས་བཤད་བཀོད་མི་ སའི་ཇོ་བདག་ རྒྱལ་མོ་དང་གཅིག་ཁར་ཡང་ རྩོད་གཞི་ཕྱེ་ནི་སྦེ་ཞུ་ཡི།
ཉེས་འཛུགས་ཅན་གཞན་ བྲག་སྟེང་རྒཔོ་བགྲེསཔ་བསྟན་འཛིན་དང་ ནུབ་སྦིས་རྒཔོ་བགྲེསཔ་ བཀྲིས་དཔལ་ལྡན་དང་ ཕུན་ཚོགས་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ཀྱི་ ས་འཇལ་པ་ སྐལ་བཟང་ཉི་མ་ དྲང་དཔོན་བགྲེསཔ་ ཨོ་རྒྱན་བསྟན་འཛིན་ དེ་ལས་ རྫོང་ཁག་གི་ས་འཇལཔ་ ན་ར་ཡཱན་ཌེང་གཱལ་དང་ སྤྱི་འོག་གི་ རྒཔོ་༢ ཀྱིས་ཡང་ གཞུང་གི་དགོས་མཁོ་དང་འཁྲིལ་ བདེན་སྦྱོར་འབད་ཡོདཔ་མ་གཏོགས་ ཉེས་ལས་འཐབ་ནི་ལུ་ དམིགས་ཏེ་མེན་ཟེར་ཞུ་ཡི།
སྤྱི་ལོ་༢༠༡༡ ལུ་ ས་ཆ་བཙོང་མི་ སའི་ཇོ་བདག་ རྒྱལ་མོ་གིས་ ཀརྨ་ཚུལ་ཁྲིམས་སྒྲོལ་མ་ལུ་ ཉེ་འཛུགས་ཐོག་ལས་ རྫོང་ཁག་ཁྲིམས་ཀྱི་འདུན་སར་ རྩོད་གཞི་བཙུགས་ཡོདཔ་ཨིན་རུང་ གནད་དོན་དེ་ ཉོ་བཙོང་དེ་ཡང་ ཁྲིམས་འདུན་བརྒྱུད་དེ་ འབད་མི་དང་འཁྲིལ་ ཆ་མེད་བཏང་ཡོདཔ་ཨིན་པས།
ཨིན་རུང་ སྤྱི་ལོ་༢༠༡༣ ལུ་ མོ་གིས་ ངན་ལྷད་བཀག་བསྡོམ་ལྷན་ཚོགས་ལུ་ སྙན་ཞུ་འབད་ཡོདཔ་ཨིན་པས།
གནད་དོན་དེ་ ད་རེས་ སྟག་རྩེ་ལུ་ ལམ་སྲོལ་དང་ སྐད་ཡིག་མཐོ་རིམ་སློབ་གྲྭ་རྐྱབ་ནིའི་དོན་ལུ་ ས་ཆ་མཁོ་སྒྲུབ་དང་ འབྲེལ་བ་ཡོདཔ་བཞིན་དུ་ ལྷན་ཚོགས་ཀྱིས་ གནད་དོན་དེ་ལུ་ ཞིབ་དཔྱད་འབད་ཐོག་ལས་ སྤྱི་ལོ་༢༠༡༥ ཟླ་༧ པའི་ཚེས་༡༧ ལུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ ཉེས་བཤེར་གྱི་དོན་ལས་ ཞིབ་དཔྱད་སྙན་ཞུ་སྤྲོད་ཡོདཔ་ཨིན་པས།
ལྷན་ཚོགས་ཀྱིས་ ཞིབ་དཔྱད་འབད་བའི་སྐབས་ ཀརྨ་ཚུལ་ཁྲིམས་སྒྲོལ་མ་གིས་ བྲག་སྟེང་རྒཔོ་བགྲེསཔ་ བསྟན་འཛིན་དང་ ཚེ་འདས་ཚོགས་པ་ རིན་ཆེན་གཉིས་དང་ མགུ་མཐུད་རྐྱབ་ཐོག་ལས་ སྟག་རྩེ་ལུ་ ཧེ་མ་ལས་ ཤེས་རིག་ལྷན་ཁག་གིས་ མཁོ་སྒྲུབ་འབད་ཚར་མི་ ས་ཆ་ཨེ་ཀར་༢.༧༧ འབད་མི་ ས་ཚན་༤ ཐོ་བཀོད་འབད་ཡོད་པའི་ མངོན་གསལ་བྱུང་ཡོདཔ་ད་ ད་རེས་ ཀརྨ་ཚུལ་ཁྲིམས་སྒྲོལ་མ་གིས་ ཟ་ཁང་བཟོ་སྐྲུན་འབད་དེ་ཡོད་མི་ ནུབ་སྦིས་རྒེད་འོག་ནང་ ས་ཆ་དེ་ ས་ཚབ་ལེན་ནིའི་ མནོ་བསམ་བཏང་ཐོག་ལས་ འབད་ཡོདཔ་སྦེ་ ཤེས་རྟོགས་བྱུང་ནུག།
དེ་བསྒང་ ས་ཆ་ཉོ་བཙོང་འཐབ་པའི་ ཡིག་ཆ་རྫུས་མ་ཚུ་ཡང་ ཀྲོང་གསར་ཁྲིམས་འདུན་ལས་ བཟོ་ཡོདཔ་སྦེ་ མངོན་གསལ་བྱུང་ནུག།
ཤུལ་མའི་སྙན་གསན་དེ་ སྤྱི་ཟླ་༦ པའི་ཚེས་༢༩ ལུ་ མཛད་ནི་ཨིན་པའི་གནས་ཚུལ།

ཀྲོང་གསར་ལས་ ཉི་མ་དབང་འདུས།

About admin

Check Also

དངུལ་ཁང་ཚུ་གིས་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ ཆ་མེད་བཏང་དོ་ཡོདཔ།

༉ ལྟ་བཤལཔ་ཚུ་གིས་ ཚར་ལེ་ཤ་ཅིག་ཁར་ འབྲུག་ལུ་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ སྐྱོད་ཐམ་དང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ བཏབ་ནིའི་དོན་ལུ་ དཔའ་བཅམ་ཡོད་རུང་ བརྗེ་སོར་འབད་མི་བཏུབ་དོ་ཡོདཔ་ལས་ ལྟ་བཤལཔ་ཚུ་ རྣམ་རྟོག་ལང་རུང་ འབད་ཐབས་གཞན་མེདཔ་ཨིན་པས། རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ དངུལ་བརྒྱ་ཆ་༥༠ …

Leave a Reply

Your email address will not be published. Required fields are marked *