༉ ལོ་༣ གྱི་ ས་ཆ་ཡུན་བརྟན་འཛིན་སྐྱོང་ལས་རིམ་ འགོ་འདྲེན་འཐབ་མི་དེ་གིས་ རྒྱ་རེད་རྒེད་འོག་གི་ ཁྱིམ་གུང་༢༡༨ ཀྱི་ མི་སེར་༩༥༠ ལུ་ སྐམ་ཞིང་དང་ ཆུ་ཞིང་བསྡོམས་ཨེ་ཀར་༥༠༠ དེ་ཅིག་ འཛིན་སྐྱོང་འཐབ་སྟེ་ འཚོ་བའི་གནས་སྟངས་ ཡར་དྲག་སོང་ནུག།
ས་ཆ་འཛིན་སྐྱོང་འཐབ་ནི་ལུ་ ཐབས་ཤེས་དང་ གནས་སྐབས་མ་འདྲ་བའི་སྒོ་ལས་ མི་སེར་ཚུ་ལུ་ སྦྱོང་བརྡར་ དང་ ལག་ལེན་དངོས་བསྟར་འཐབ་བཅུག་མི་དེ་གིས་ ས་ཆ་གོང་འཕེལ་བཏང་ཡོདཔ་མ་ཚད་ ནོར་སེམས་ཅན་གྱི་ རྩྭ་ཆག་དང་ ལོ་ཐོག་གི་ཐོན་སྐྱེད་ཚུ་ ཡར་སེང་སོང་ཡོདཔ་བཞིན་དུ་ འོང་འབབ་ཡང་ འབོར་ཆེ་ཏོག་ཏོ་སྦེ་ར་ བཟོ་ཚུགས་ནུག།
རྒེད་འོག་སོ་ནམ་རྒྱ་སྐྱེད་ལས་བྱེདཔ་ ནན་ལྕགས་ཀྱིས་ སླབ་མིའི་ནང་ སོ་ནམ་དང་ནགས་ཚལ་ལྷན་ཁག་འོག་གི་ སོ་ནམ་ལས་ཁུངས་ལས་ རྒྱལ་ཡོངས་ས་ཆ་ཞབས་ཏོག་ལྟེ་བ་གིས་ འབྲུག་བློ་གཏད་མ་དངུལ་གྱིས་ དངུལ་ཀྲམ་ས་ཡ་༡༡,༩༦༥,༠༠༠ རྒྱབ་སྐྱོར་ཐོག་ལས་ ས་ཆ་ཡུན་བརྟན་འཛིན་སྐྱོང་ལས་རིམ་ ལོ་༣ གྱི་རིང་ ལྷུན་རྩེ་ རྒྱ་རས་རྒེད་འོག་དང་ མོང་སྒར་ ཐང་རོང་རྒེད་འོག་༢ ཀྱི་ མི་སེར་ཚུ་ལུ་ ཞབས་ཏོག་སྤྲོད་དེ་ཡོད་ཟེར་ཨིན་པས།
ལོ་བསྟར་བཞིན་དུ་ སྤྱི་ཟླ་༦ པའི་ཚེས་༡༧ ལུ་ འཛམ་གླིང་ས་ཆའི་ཉིནམ་སྦེ་ བརྩི་སྲུང་འབད་ནི་ཡོདཔ་ལས་ དུས་ཅི་ འཛམ་གླིང་ས་ཆ་མར་ཉམས་ བཀག་འཛིན་འབད་ནིའི་དོན་ལུ་ ཚེ་སྲོག་ཀུན་གྱི་གཞི་རྩ་ ས་ཆ་ཨིན་ཟེར་བའི་ བརྗོད་དོན་ཐོག་ལུ་ རྒྱ་རས་རྒེད་འོག་གི་ མི་སེར་༡༠༠ གིས་ ནི་པི་ཡར་ཟེར་མི་རྩྭ་ཆག་དེ་ ཞིང་ནང་ འཛུགས་སྐྱོང་འབད་ཡོདཔ་མ་ཚད་ ལོ་༣ གྱི་ནང་འཁོད་ལུ་ བསྒྱུར་བཅོས་དང་ གྲུབ་འབྲས་སྙན་ཞུ་བསྡུ་སྒྲིག་འབད་མི་དེ་ གློག་བརྙན་ཐོག་ལས་ གསལ་སྟོན་འབད་ཡི།
ས་ཆ་ཡུན་བརྟན་འཛིན་སྐྱོང་འབད་མི་དེ་ཡང་ རྒེད་འོག་དེ་༢ ནང་ སའི་དབྱིབས་དང་ཆགས་ཚུལ་ རི་དང་གཤོང་ དེ་ལས་ གྱེན་གཟར་དྲགས་གུ་ལུ་ ཆགས་མི་ལུ་བརྟེན་ ས་རུད་དང་ ཆུ་རུད་ དེ་ལས་ ཆརཔ་ལུ་བརྟེན་ སའི་བཅུད་ཉམས་འགྱོ་དོ་ཡོདཔ་ལས་ དེ་ཚུ་ བཀག་འཛིན་འབད་དེ་འདུག།
དེ་ཡང་ གྱེན་གཟར་དྲགས་ཚུ་ནང་ཡོད་པའི་ ཞིང་ཚུ་ནང་ ནི་པི་ཡར་ཟེར་མི་ རྩྭ་འཛུགས་སྐྱོང་འབད་ཡོདཔ་མ་ཚད་ རྡོའི་རྩིག་རྐྱབ་ནི་དང་ ཆརཔ་ལུ་བརྟེན་ ཞིང་ཚུ་ནང་ ཧ་ཀ་ཧོ་ཀ་བཏོན་མི་ཚུ་ རྡོ་དང་ ཤིང་ སྦ་ཚུ་ ལག་ལེན་འཐབ་སྟེ་ ཆུ་དང་ ས་རུད་ལས་ བཀག་འཛིན་འབད་མི་ཚུ་ཡང་ རྒྱ་རས་རྒེད་འོག་གི་ སྤྱི་འོག་༥ ནང་ ལག་ལེན་འཐབ་སྟེ་ གྲུབ་འབྲས་མཐར་འཁྱོལ་ཅན་སྦེ་ཡོད་མི་དེ་ མཐོང་ཚུགས་པས།
ལྷ་གྲོང་གཡུས་ཚན་ལས་ སྐྱེས་ལོ་༦༦ ལང་མི་ ཆོས་ཉིད་དབང་མོ་གིས་ ཉིནམ་བརྩི་སྲུང་ནང་ བཅའ་ མར་གཏོགས་མི་དེ་ཡང་ གཞུང་གིས་ འགོ་འདྲེན་འཐབ་མི་ཚུ་ལུ་བརྟེན་ སྔོན་དང་ཕུ་ ཕམ་ཚུ་གི་སྐབས་ལས་ སྤྱི་ལོ་༢༠༡༥ ཚུན་ མི་སེར་ཚུ་ལུ་ དཀའ་སྡུག་མྱོང་སྡོད་མིའི་གནས་སྟངས་དེ་ ལོ་༣ གྱི་རྒྱབ་ལས་ བསལ་ཚུགས་མི་ལུ་བརྟེན་ བཀྲིན་དགའ་ཚོར་ཞུ་ནིའི་དོན་ལུ་ འོང་ཡི་ཟེར་ཨིན་པས།
ཡ་སྦི་གཡུས་ཚན་ལས་ སྐྱེས་ལོ་༧༠ ལང་མི་ སངས་རྒྱས་དབང་འདུས་ཀྱིས་ སླབ་མིའི་ནང་ དེ་བཟུམ་ ལྷན་ཐབས་ཅན་གྱི་ ལས་རིམ་དེ་ འདས་པའི་ལོ་༢༠ གི་སྔོན་མ་ འགོ་འདྲེན་འཐབ་ཡོད་པ་ཅིན་ ཕམ་ཚུ་གིས་ བཟའ་སྤྱོད་འབད་མི་ ལོ་ཐོག་ཚུ་ ས་དང་ ཆུ་རུད་ལས་ བཀག་འཛིན་འབད་ཚུགས་ནི་དང་ ས་ཞིང་དེ་ལུ་བརྟེན་ མི་སེར་ཚུ་ལུ་ ཁེ་ཕན་ལེ་ཤ་ཅིག་ར་ འབྱུང་ཚུགས་ནི་མས་ཟེར་ཨིན་པས།
བཟང་མཁར་སྤྱི་འོག་ལས་ ཨ་ལོ་༤ གི་ཨའི་ བདེ་སྐྱིད་ཆོས་སྒྲོན་གྱིས་ སླབ་མིའི་ནང་ སའི་དབྱིབས་ལེགས་ཤོམ་མེདཔ་ལས་ ལོ་ཐོག་ག་ཅི་འཛུགས་སྐྱོང་འབད་རུང་ ཐོན་སྐྱེད་རྒྱ་ཆེཝ་སྦེ་མེདཔ་མ་ཚད་ ལོ་བསྟར་བཞིན་དུ་ ཆརཔ་རྐྱབ་པའི་སྐབས་ སའི་བཅུད་ཚུ་ འཕྱགས་འབགཔ་མས་ཟེར་ཨིན་པས།
ཨིན་རུང་ ཞིང་ཚུ་ནང་ སྔར་མེད་པའི་ རྡོའི་རྩིགཔ་རྐྱབ་ནི་དང་ ནི་པི་ཡར་ཟེར་མི་ རྩྭ་འཛུགས་སྐྱོང་འབད་མི་གིས་ ས་བཅུད་དང་ལྡནམ་སྦེ་ བཟོ་ནི་ལུ་ ལྷན་ཐབས་འབད་བའི་ཁར་ ས་དང་ཆུ་རུད་འཐོན་ནི་ལས་ བཀག་ འཛིན་འབད་ནི་ དེ་ལས་ རྩྭའི་འདབ་མ་ཚུ་ གནམ་བྱཱར་དགུན་མེད་པར་ ནོར་ལུ་བྱིན་ནི་དང་ བཙོང་ནི་ལུ་ ཁེ་ཕན་ཡོད་ཟེར་ སླབ་ཨིན་པས།
རྫོང་ཁག་ཚོགས་འདུ་ཁྲི་འཛིན་ ཀུན་བཟང་མི་འགྱུར་གྱིས་ སླབ་མིའི་ནང་ འབྲེལ་ཡོད་ལས་སྡེ་གིས་ ས་ཆ་ཡུན་བརྟན་སྦེ་ འཛིན་སྐྱོང་འཐབ་ནིའི་དོན་ལུ་ འཆར་གཞི་དང་ ལས་རིམ་ མ་དངུལ་གྱི་རྒྱབ་སྐྱོར་འཚོལ་ཏེ་ རྫོང་ཁག་༢༠ ལས་ མོང་སྒར་དང་ ལྷུན་རྩེ་རྫོང་ཁག་ལས་ རྒེད་འོག་གདམ་ཁ་རྐྱབ་གནང་མི་དེ་གིས་ མི་སེར་ཚུ་ལུ་ ཕན་ཁྱད་སྦོམ་བྱུང་སྟེ་ཡོད་ཟེར་ཨིན་པས།
ལས་རིམ་དེ་ལུ་བརྟེན་ གནས་སྤོ་འགྱོ་ནི་ལས་ བཀག་འཛིན་འབད་ཚུགས་ཡོདཔ་བཟུམ་སྦེ་ ས་ཞིང་ཡོད་རུང་ བཟའ་སྤྱོད་འབད་མ་ཚུགས་པར་ ལོ་བསྟར་བཞིན་དུ་ ཞིང་སྟོངམ་བཞག་མི་ མར་ཕབ་རྐྱབ་ཚུགས་པའི་ཁར་ ས་རུད་དང་ ཆུ་རུད་ རི་དྭགས་སེམས་ཅན་གྱིས་ ལོ་ཐོག་ལུ་ གནོད་སྐྱོན་རྐྱབ་ནི་ལས་ མར་ཕབ་འབད་ཡོདཔ་ལས་ རང་བཞིན་གནས་སྟངས་ཉམས་སྲུང་འབད་ནི་ལུ་ ལྷན་ཐབས་བྱུང་སྟེ་ཡོད་ཟེར་ རྒཔོ་གིས་ བཤདཔ་ ཨིན་པས།
ལོ་༣ གྱི་ལས་རིམ་དེ་ མཇུག་བསྡུ་ཡོད་རུང་ མི་སེར་ཚུ་གིས་ འཕྲོ་མཐུད་འབད་ནི་ལུ་ སྦྱོང་བརྡར་ཚུ་ སྤྲོད་ ཡོདཔ་མ་ཚད་ ད་ལས་ཕར་ཡང་ འཕྲོ་མཐུད་སྤྱོད་ནི་དང་ ལོ་༣ གྱི་ནང་འཁོད་ལུ་ ལས་རིམ་གྱིས་ ལྷོད་མ་ཚུགས་པའི་ ས་གནས་ཚུ་ནང་ ས་གནས་གཞུང་གིས་ གཙོ་རིམ་བཟུང་སྟེ་ ཞབས་ཏོག་སྤྲོད་ནི་ཨིན་ཟེར་ སླབ་ཨིན་པས།
རྒེད་འོག་སོ་ནམ་རྒྱ་སྐྱེད་ལས་བྱེདཔ་ ནན་ཅ་གིས་ སླབ་མིའི་ནང་ ལས་རིམ་གྱི་སྐབས་ ཤིང་འབྲས་ཀྱི་ལྕངམ་ཚུ་ བྱིན་ཡོདཔ་ཨིན་རུང་ ས་ཞིང་ལངམ་སྦེ་མེད་མི་དང་ ས་ཞིང་ཡོད་མི་ཚུ་ཡང་ རྡོ་རོ་གིས་གང་མི་ ལས་མི་ལངམ་སྦེ་མེད་མི་ དེ་ལས་ གཡུས་ནོར་ཚུ་ ག་མནོཝ་སྦེ་བཞག་མི་ཡོད་པའི་ གདོང་ལེན་འདུག་ཟེར་ཨིན་པའི་ གནས་ཚུལ།
རྒྱ་རས་ལས་ བཀྲིས་ཕུན་ཚོགས།