༉ འདས་པའི་བདུན་ཕྲག་ནང་ རྒྱལ་ཡོངས་ལཱ་གཡོག་འགྲེམས་སྟོན་སྐབས་ ས་ཆ་བཟའ་སྤྱོད་ཐོབ་དབང་ལམ་ལུགས་ཀྱི་ ལས་འགུལ་ནང་ ད་ཚུན་ ན་གཞོན་༦༠ དེ་ཅིག་གིས་ ཐོ་བཀོད་འབད་དེ་ཡོདཔ་ད་ ཁོང་གིས་ གྲོང་གསེབ་ཚུ་ནང་ལས་ཕར་ སོ་ནམ་དང་ སྒོ་ནོར་དང་འབྲེལ་བའི་ ལཱ་ཚུ་འབད་ནི་ཨིན་པས།
ལས་འགུལ་དེ་ཡང་ སྤྱི་ལོ་༢༠༡༦ ལུ་ ས་ཆ་སྐྱིད་སྡུག་གི་ ཡན་ལག་ཅིག་སྦེ་ ས་ཆ་ལེགས་ལྡན་ཐོག་ ལག་ལེན་འཐབ་ནི་དང་འབྲེལ་ ན་གཞོན་ཚུ་ལུ་ ལཱ་གཡོག་ཡང་ སྤྲོད་ཚུགས་པའི་ཁར་ སོ་ནམ་གྱི་ ཚོང་འབྲེལ་ཐོན་སྐྱེད་ ཡར་དྲག་གཏང་ཐབས་ལུ་ གཞི་བཙུགས་འབད་ནུག།
ལཱ་གཡོག་འགྲེམས་སྟོན་སྐབས་ ལས་འགུལ་ནང་ ཐོ་བཀོད་འབད་མི་ ན་གཞོན་ཚུ་ལུ་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ ན་གཞོན་ལ་ལོ་ཅིག་ སོ་ནམ་གྱི་ ལཱ་འབད་ནི་ལུ་ སྤྲོ་བ་ཡོད་རུང་ ས་ཆ་མེད་པའི་ དཀའ་ངལ་ཐོན་མི་ འདུག་ཟེར་གསུངས་ཡི།
དེ་མ་ཚད་ ལ་ལོ་ཅིག་ལུ་ ས་ཆ་ཡོད་རུང་ལངམ་སྦེ་ མེད་པའི་ཁར་ ལ་ལོ་ལུ་ ས་ཆ་ལངམ་སྦེ་ ཡོད་དེ་འབད་རུང་ ཕམ་ཚུ་དང་ ལཱ་འབད་དོ་ཡོདཔ་ལས་ རིག་པ་གསར་པའི་ཐོག་ལས་ སོ་ནམ་གྱི་ ལཱ་འབད་མ་ཚུགས་པར་ འདུག་ཟེར་ཨིན་པས།
དེ་འབདཝ་ལས་ ས་ཆ་བཟའ་སྤྱོད་ཐོབ་དབང་ལས་འགུལ་དེ་གིས་ སོ་ནམ་གྱི་ ལཱ་འབད་ནིའི་ གོ་སྐབས་ཐོབ་ཚུགས་པའི་ཁར་ ལྷན་ཐབས་ཡང་ སྦོམ་སྦེ་ར་ འབྱུང་ཚུགས་ནི་མས་ཟེར་ བློན་ཆེན་གྱིས་ གསུངས་ཡི།
ད་རེས་ ན་གཞོན་༥༨ ཀྱིས་ སྡེ་ཚན་༦ བཟོ་ཐོག་ལས་ ལས་འགུལ་གྱི་ ལཱ་འབད་བའི་བསྒང་ཡོདཔ་བཞིན་དུ་ སྡེ་ཚན་༦ གི་གྲས་ལས་ སྡེ་ཚན་༤ དེ་ ལྷུན་རྩེ་དང་ སྡེ་ཚན་གཞན་༢ མོང་སྒར་ལུ་ཡོདཔ་ཨིན་པས།
རྒྱལ་པོའི་གཟིམ་དཔོན་ཡིག་ཚང་ལས་ རྣམ་རྒྱལ་རིན་ཆེན་གྱིས་ སླབ་མིའི་ནང་ ལས་འགུལ་གྱི་ ན་གཞོན་ཚུ་ལུ་ སོ་ནམ་གྱི་ འཕྲུལ་རིག་སྦྱོང་བརྡར་ ས་ཆ་ དེ་ལས་ སོ་ནམ་དང་འབྲེལ་བའི་ རྒྱབ་སྐྱོར་ཚུ་ ཡིག་ཚང་གིས་ འབད་འོང་ཟེར་ཨིནམ་ད་ དང་འདོད་ཅན་གྱི་ ན་གཞོན་ཚུ་གིས་ སྡེ་ཚན་ཐོག་ལས་ གྲོང་གསེབ་ཀྱི་ ས་གནས་ཚུ་ནང་ ལཱ་འབད་དགོ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ལས་འགུལ་གྱི་ དམིགས་ཡུལ་དེ་ཡང་ ཚོང་འབྲེལ་དེ་ ཡར་དྲག་གཏང་ནི་མེན་པར་ སྔར་སྲོལ་སོ་ནམ་གྱི་ལཱ་དེ་ གོང་འཕེལ་གཏང་ནིའི་དོན་ལུ་ཨིན་ཟེར་ཨིན་པས།
སོ་ནམ་ལུ་ དང་འདོད་ཡོད་མི་ ན་གཞོན་ཚུ་གིས་ ལས་འགུལ་གྱི་དོན་ལུ་ ས་ཆའི་སྐྱིད་སྡུག་དང་ ཚོང་འབྲེལ་འགོ་བཙུགས་ནིའི་དོན་ལུ་ ལས་ཁུངས་ཁག་ལས་ རྒྱབ་སྐྱོར་ཚུ་ཡང་ འཐོབ་ཚུགས་ནི་ཨིན་པས།
སློབ་རིམ་༡༢ པ་ མཐར་འཁྱོལ་མི་ དགེ་འདུན་ཆོས་འཕེལ་དེ་ སོ་ནམ་ལཱ་འབད་མིའི་ འཐུས་མི་ཅིག་ཨིནམ་ད་ ཁོ་རའི་སྡེ་ཚན་དེ་ ལྷུན་རྩེ་སྨན་རྒྱས་རྒེད་འོག་ནང་ ས་ཆ་ཨེ་ཀར་༡༥ ནང་ བཟོ་སྟེ་ཡོདཔ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ སྤྱི་ལོ་༢༠༡༦ ལུ་ ལྷུན་རྩེ་རྫོང་ཁག་གི་ རྒེད་འོག་ཁག་གི་ ཚོགས་པ་གིས་ གཡུས་ཁའི་ན་གཞོན་ག་ར་གི་མིང་ཚུ་ ལས་འགུལ་གྱི་ཐོག་ལུ་ ཐོ་བཀོད་འབད་འོང་ཟེར་ཨིན་པས།
དགེ་འདུན་ཆོས་འཕེལ་གྱིས་འབད་བ་ཅིན་ སོ་ནམ་ལཱ་དེ་ཡང་ སྤྱི་ལོ་༢༠༡༧ ཟླ་༣ པ་ལས་ འགོ་བཙུགས་ཏེ་ ལོ་༡ ནང་ འོང་འབབ་དངུལ་ཀྲམ་༡༣༠,༠༠༠ དེ་ཅིག་ བཟོ་ཚུགས་ཅི་ཟེར་ཨིན་པས།
སྡེ་ཚན་གཞན་ཅིག་གི་འཐུས་མི་ འཇིགས་མེད་འཕྲིན་ལས་དེ་ རྒྱ་རས་རྒེད་འོག་ནང་ སོ་ནམ་ལས་འགུལ་གྱི་ ལཱ་འབད་དེ་ཡོདཔ་ད་ སྐྱེས་ལོ་༣༠ ལང་མི་གིས་ དགེ་འདུ་ཚོང་རིག་མཐོ་རིམ་སློབ་གྲྭ་ལས་ མཐར་འཁྱོལ་ཡོདཔ་ད་ འཐུས་མི་༧ འབད་མི་གིས་ གཅིག་མཐུན་སོ་ནམ་གྱི་ ལཱ་འབད་དོ་ཡོདཔ་ཨིན་པས།
འཇིགས་མེད་འཕྲིན་ལས་ཀྱིས་ སླབ་མིའི་ནང་ ཁོ་རའི་སྡེ་ཚན་ནང་ ན་གཞོན་སློབ་རིམ་༡༠ པ་དང་༡༢ པ་ཡོད་མི་གིས་ སྤྱི་ལོ་༢༠༡༦ ལུ་ ལས་འགུལ་འགོ་བཙུགས་ཡོདཔ་བཞིན་དུ་ རྒྱལ་པོའི་ཡིག་ཚང་ལས་ འཕྲུལ་ཆས་ལག་ལེན་ སྦྱོང་བརྡར་དང་ རྒྱབ་སྐྱོར་མང་རབས་ཅིག་ ཐོབ་ཅི་ཟེར་ཨིན་པས།
ན་གཞོན་ཚུ་གིས་ གཞུང་ལས་ ལོ་༡ གི་ལྟོ་ཕོགས་ ཟླཝ་རེ་ལུ་ དངུལ་ཀྲམ་༣,༧༥༠ རེ་ ཐོབ་ཡོདཔ་ད་ གལ་སྲིད་ མ་འོངས་པར་ ཚོང་འབྲེལ་འཐབ་ནིའི་ གནས་སྐབས་རེ་ འཐོན་པ་ཅིན་ ལས་འགུལ་དེ་ལུ་བརྟེན་ འབད་ཚུགས་ནི་མས་ཟེར་ འཇིགས་མེད་འཕྲིན་ལས་ཀྱིས་ བཤདཔ་ཨིན་པའི་གནས་ཚུལ།
སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།