སྐལ་བཟང་སྒྲོལ་མ་གིས་ ནད་འབུཔ་གིས་མེདཔ་བཏང་མི་ འབྱ་གི་འདབ་མ་ཚུ་ ལྟ་བའི་བསྒང་།

ས་གླིང་རྒེད་འོག་གི་ འབྱ་ཞིང་ཚུ་ནང་ ནད་འབུཔ་གསརཔ་ཐོན་ཏེ་ གནོད་སྐྱོན་རྐྱབ་ཡོདཔ།

༉ ས་གླིང་རྒེད་འོག་གི་ སྤྱི་འོག་༣ གྱི་ མི་སེར་ཚུ་ འབྱ་བསྡུ་ནིའི་དུས་ཚོད་རནམ་ད་ ཨ་རྟག་མེད་པའི་ ནད་འབུཔ་གསརཔ་ཐོན་ཏེ་ འབྱ་གི་འདབ་མ་ཚུ་ ཚོས་གཞི་རྒྱ་སྨུག་ལུ་གྱུར་ཏེ་ མེདཔ་ཐལ་དོ་ཡོདཔ་ལས་ མི་སེར་ཚུ་ ཚ་གྱང་ལང་སྟེ་འདུག།
ས་གླིང་སྤྱི་འོག་ དགའ་གླིང་མཁར་གཡུས་ཚན་ལས་ སྐྱེས་ལོ་༣༠ ལང་མི་ སྐལ་བཟང་སྒྲོལ་མ་གིས་ སླབ་མིའི་ནང་ ད་ལྟོ་ཚུན་ འབྱ་ཞིང་ཚུ་ནང་ དེ་བཟུམ་མའི་ གནོད་སྐྱོན་མ་འབྱུང་ནི་དེ་གིས་ བཟའ་ཚང་ནང་ ཆུམ་ཉོ་དགོ་པའི་ དཀའ་ངལ་མ་འབྱུང་ཟེར་ཨིན་པས།
ཨིན་རུང་ ཨ་རྟག་མེད་པའི་ ནད་གཞི་གསརཔ་ཐོན་ཏེ་ འབྱ་ཚུ་མེདཔ་བཏང་ཡོདཔ་ལས་ རྒེད་འོག་གི་ སོ་ནམ་རྒྱ་སྐྱེད་འགོ་དཔོན་དང་འབྲེལ་བ་འཐབ་སྟེ་ སྨན་ཚུ་གཏོར་རུང་ ཕན་ཐབས་མིན་འདུག་ཟེར་ཨིན་པས།
ཨ་ལོ་༩ གི་ཨའི་ སྐྱེས་ལོ་༦༣ ལང་མི་ བཅོ་ལྔ་མོ་གིས་ སླབ་མིའི་ནང་ མོ་རའི་འབྱ་ཞིང་ ཨེ་ཀར་༡ ལྷགཔ་ཅིག་ ཡོད་མི་དེ་གིས་ བཟའ་ཚང་གསོ་སྐྱོང་འཐབ་ནིའི་དོན་ལུ་ ལང་མ་ཚུགསཔ་ལས་ གཞན་གྱི་ཆུ་ཞིང་ བགོ་བཤའ་འཆང་སྟེ་ འབྱ་འཛུགས་སྐྱོང་འབད་དོ་ཟེར་ ཨིན་པས།
དགའ་གླིང་མཁར་ལུ་ཡོད་པའི་ ཆུ་ཞིང་མང་ཤོས་ར་ གྲྭ་ཚང་གི་ཨིནམ་མ་ཚད་ ལ་ལོ་ཅིག་ བུམ་ཐངཔ་ཚུ་གི་ ཆུ་ཞིང་ཨིན་རུང་ ས་གླིང་རྒེད་འོག་གི་ མི་སེར་ཚུ་གིས་ ལཱ་འབད་དེ་ རེད་ཀྱི་ཐོན་སྐྱེད་ཚུ་ བགོ་བཤའ་འཆང་པའི་ཁར་ ལ་ལོ་ཅིག་གིས་ གླ་ཁར་ལེན་དོ་ཡོདཔ་ཨིན་པས།
ཨིན་རུང་ བཅོ་ལྔ་མོ་གིས་འབད་བ་ཅིན་ གླང་དོ་༢ འབད་མི་ ཆུ་ཞིང་དེ་ལས་ ས་རིན་སྦེ་ རེད་བྲེ་༥༠༠ སའི་ཇོ་བདག་ལུ་ བྱིན་པའི་ལྷག་ལུས་རྐྱངམ་གཅིག་ བཟའ་སྤྱོད་འབད་དོ་ཡོད་རུང་ དུས་ཅི་ ཐོན་སྐྱེད་གངམ་མི་འཐོན་ནི་ཨིནམ་ལས་ ཇོ་བདག་ལུ་ ག་དེ་སྦེ་ སྤྲོད་ཚུགས་གའི་ ཚ་གྱང་ལངམ་མས་ཟེར་ཨིན་པས།
དེ་བཟུམ་སྦེ་ ཁྲི་དྭངས་སྦིས་སྤྱི་འོག་ལས་ སྐྱེས་ལོ་༥༣ ལང་མི་ རིན་འཛིན་རྡོ་རྗེ་གིས་ སླབ་མིའི་ནང་ ཆུ་ཞིང་ཨེ་ཀར་༥ ནང་ འབྱ་འཛུགས་སྐྱོང་འབད་རུང་ ནད་འབུཔ་བཏགས་ཏེ་ སྐམ་ནི་འགོ་བཙུགས་ཡོདཔ་ལས་ ཚ་གྱང་ལངམ་མས་ཟེར་ཨིན་པས།
མ་གཞི་ ལོ་བསྟར་བཞིན་དུ་ ཆུ་ཞིང་དེ་ནང་ལས་ རེད་བྲེ་༥༠༠༠ དང་༦༠༠༠ གི་བར་ན་ འཐོན་ནི་ཡོད་མི་དེ་ དུས་ཅི་ བརྒྱ་ཆ་ལས་༥༠ དེ་ཅིག་ཡང་ བསྡུ་མི་ཚུགས་ནི་མས་ཟེར་ཨིན་པས།
སྤྱིར་བཏང་ རང་ཟླ་༥ པ་དང་༦ པའི་ནང་ ལྕང་ལཱ་རྐྱབ་དོ་ཡོདཔ་བཞིན་དུ་ རང་ཟླ་༩ པ་དང་༡༠ པའི་ནང་ འབྱ་བསྡུ་དོ་ཡོདཔ་ཨིན་པས།
སྐྱེས་ལོ་༤༣ ལང་མི་ ཚེ་དབང་ཆོས་སྒྲོན་དང་འཁྲིལ་བ་ཅིན་ ལོ་༣ ལས་འགོ་བཙུགས་ ནད་འབུཔ་དུམ་གྲ་རེ་ཐོན་ཏེ་ གནོདཔ་བཀལ་ནི་ཡོད་རུང་ དུས་ཅི་བཟུམ་མའི་ གནོདཔ་མ་བཀལ་ཟེར་ ཨིན་པས།
སོ་ནམ་པ་ཚུ་གིས་འབད་བ་ཅིན་ འདས་པའི་ལོ་ཚུ་དང་ཕྱདཔ་ད་ རེད་ཀྱི་ཐོན་སྐྱེད་རྒྱ་ཆེ་དྲགས་སྦེ་ མར་བབས་འགྱོ་དགོ་པའི་ གནད་དོན་དེ་ གཙོ་བོ་ར་ ཞིང་ཆུ་ལངམ་སྦེ་མེད་པའི་ དཀའ་ངལ་ལུ་བརྟེན་ཨིནམ་ལས་ གཞུང་གིས་ དཀའ་ངལ་བསལ་ནིའི་ རེ་བ་ལས་བརྒལ་ འབད་ཐབས་གཞན་མེད་ཟེར་ཨིན་པས།
རྒེད་འོག་སོ་ནམ་རྒྱ་སྐྱེད་འགོ་དཔོན་ བསོད་ནམས་གཡང་སྒྲོན་གྱིས་ སླབ་མིའི་ནང་ འབྱ་ཞིང་ནང་ ནད་འབུཔ་ཐོན་མི་དེ་ དུས་ཅི་ འགོ་དང་པ་ཨིན་ཟེར་ཨིནམ་ད་ སོ་ནམ་པ་ཚུ་ལས་ ནད་འབུཔ་ཐོན་པའི་སྐོར་ སྙན་ཞུ་ལྷོདཔ་ཅིག་ སྨན་གཏོར་བའི་ཁར་ ལོག་ལྕངམ་འཛུགས་སྐྱོང་འབད་བཅུག་ཡི་ཟེར་ ཨིན་པས།
འགོ་དཔོན་ཚུ་གིས་ སླབ་མི་དང་འཁྲིལ་བ་ཅིན་ སོ་ནམ་པ་ཚུ་ལུ་ སྨན་གཏོར་ནིའི་ ཅ་ཆས་ཚུ་ཡང་ བཀྲམ་སྤེལ་འབད་ཡོདཔ་བཞིན་དུ་ ཁེ་ཕན་བྱུང་ཡོད་རུང་ ལ་ལུ་ཅིག་གིས་ ལག་ལེན་འཐབ་མ་བཏུབ་པའི་ དཀའ་ངལ་བྱུང་ཡི་ཟེར་ སླབ་ཨིན་པས།
རྒེད་འོག་ནང་ སྤྱི་འོག་༦ ཡོད་པའི་གྲས་ལས་ འབྱ་འཛུགས་སྐྱོང་གི་ལཱ་ རྒྱ་ཆེ་དྲགས་སྦེ་འབད་མི་དེ་ ཁྲི་དྭངས་སྦིས་དང་ ས་གླིང་ སེང་སྒོར་ དེ་ལས་ བཙན་ཟ་སྦིས་མ་གསང་ད་ཟ་ཨིནམ་ད་ བསྡོམས་ཀྱིས་གུང་པ་༡༠༠ ལྷགཔ་ཅིག་གིས་ ཆུ་ཞིང་ཨེ་ཀར་༡༢༠ ནང་ འབྱ་འཛུགས་སྐྱོང་འབད་དོ་ཡོདཔ་ཨིན་པས།
རྒེད་འོག་གི་ སྙན་ཞུ་དང་འཁྲིལ་བ་ཅིན་ ཆུ་ཞིང་ཨེ་ཀར་རེ་ལས་ ཆུམ་ཀེ་ཇི་༡,༡༠༠ དེ་ཅིག་ ཐོན་སྐྱེད་འབད་དོ་ཡོདཔ་ ཨིན་པའི་གནས་ཚུལ།

རྒྱ་གླིང་མཁར་ལས་ བཀྲིས་ཕུན་ཚོགས།

 

About admin

Check Also

བག་ལྷོད་ཅན་ལུ་བརྟེན་ མིང་དོན་ལས་འགལ་བ་སོང་ཡོདཔ།

༉ འབྲུག་རྒྱལ་ཁབ་འདི་ ལོ་ངོ་བརྒྱ་ཕྲག་ལས་བཅད་དེ་ གངས་བར་ནང་གི་ཆུ་འཐུང་ སྤྲིན་བར་ནང་གི་ཉིམ་བསྲོ་སྟེ་ སྡོད་མི་ཅིག་ཨིན། དེ་མ་ཚད་ ནང་པའི་ཆོས་ཀྱི་སྲོལ་གཏོད་དེ་ མཁས་པ་དང་ སྒྲུབ་པ་ལྡན་པའི་ བླམ་མང་རབས་ཅིག་གིས་ རྒྱལ་ཁབ་བྱིན་གྱིས་རླབས་གནངམ་མ་ཚད་ ལྷག་པར་དུ་ཡང་ དུས་རབ་བརྒྱད་པའི་ནང་ རྟོགས་པ་ཕུལ་དུ་ཕྱིན་པའི་ …

Leave a Reply

Your email address will not be published. Required fields are marked *