ས་གནས་ཀྱི་ འགོ་ཁྲིདཔ་ཚུ་ རྫོང་ཁག་ཚོགས་འདུ་མཇུག་བསྡུ་སྟེ་ ལོག་ཁྱིམ་ནང་ འགྱོ་བའི་བསྒང་།

ས་གནས་གཞུང་ལས་ སྙན་ཞུ་བསྡུ་སྒྲིག་འབད་ནི་ལུ་ གདོང་ལེན་ཡོདཔ།

༉ ས་གནས་གཞུང་གི་ བཅའ་ཁྲིམས་༢༠༠༩ ཅན་མ་དང་འཁྲིལ་ རྩིས་ལོ་རེ་མཇུག་བསྡུཝ་ད་ རྒེད་འོག་དང་ རྫོང་ཁག་འོག་གི་ ལས་ཚན་ཚུ་ལས་ སྙན་ཞུ་བསྡུ་སྒྲིག་འབད་དེ་ གཞུང་དང་ ས་གནས་གཞུང་སྐྱོང་ལུ་ སྙན་ཞུ་ཕུལ་དགོཔ་ཡོད་རུང་ གདོང་ལེན་བྱུང་སྟེ་འདུག།
དེ་ཡང་ སྤྱི་ལོ་༢༠༡༨ ཟླ་༡༢ པའི་ཚེས་༢༡ ལུ་ མོང་སྒར་རྫོང་ཁག་ ཚོགས་འདུའི་དྲུང་ཆེན་གྱིས་ གདོང་ལེན་སྣ་ཚོགས་བྱུང་པའི་སྐོར་ སྙན་ཞུ་འབད་དེ་ ད་ལས་ཕར་ རྒེད་འོག་བདག་སྐྱོང་དང་ ལས་སྡེ་ཁག་གི་ ཡིག་ཚང་ཚུ་གིས་ དུས་ཚོད་ཁར་ སྙན་ཞུ་འབད་དགོ་པའི་ གྲོས་ཆོད་བཏོན་ཡི།
རྫོང་ཁག་ཚོགས་འདུའི་དྲུང་ཆེན་ ཀརྨ་གིས་ ཞུ་མིའི་ནང་ ས་གནས་གཞུང་གི་ བཅའ་ཁྲིམས་ནང་ བཀོད་དེ་ཡོད་རུང་ གཞུང་དང་ ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་གིས་ ཚུལ་བཞིན་དུ་ བསྟར་སྤྱོད་འབད་མ་བཏུབ་མི་ལུ་བརྟེན་ ས་གནས་གཞུང་གི་ ལས་ཁུངས་ཀྱིས་ སྤྱི་ལོ་༢༠༡༦ དང་༢༠༡༧ ལུ་ བཅའ་ཁྲིམས་བསྟར་སྤྱོད་འབད་དགོ་པའི་ ཡིག་ཚང་བཀའ་རྒྱ་གནང་ཡི་ཟེར་ཨིན་པས།
ཡིག་ཚང་བཀའ་རྒྱ་གནང་ཞིནམ་ལས་ རྫོང་ཁག་༢༠ གི་ ཚོགས་འདུའི་དྲུང་ཆེན་གྱིས་ འགོ་འདྲེན་འཐབ་ཡོད་རུང་ མཐར་འཁྱོལ་བྱུང་མ་ཚུགས་མི་དེ་ཡང་ གཞུང་གི་ལས་སྡེ་ཁག་གི་ ཡིག་ཚང་འགོ་དཔོན་ཚུ་ལུ་ ཕྱག་ལཱ་མང་ མི་དང་ འཆར་གཞི་གོང་འཕེལ་གྱི་ ལས་སྣ་ཚུ་ལུ་བརྟེན་ ལཱ་འབད་མ་ཚུགས་པའི་ གདོང་ལེན་འདུག་ཟེར་ཨིན་པས།
དེ་འབདཝ་ད་ ཡིག་ཚང་ལ་ལོ་ཅིག་གིས་ སྙན་ཞུ་བསྡུ་སྒྲིག་འབད་ནི་དེ་ ཁོང་རའི་བདག་དབང་དང་ འགན་ཁུར་ ཨིནམ་ལས་ རྒྱབ་སྐྱོར་འབད་མ་བཏུབ་མི་ལུ་བརྟེན་ གཞུང་གིས་ བཀའ་རྒྱ་གནང་མི་ལུ་ ཆ་གནས་འབད་མ་བཏུབ་པའི་གནད་དོན་དང་ གནད་དོན་གཞན་དེ་ ཁྲིམས་ཡོད་རུང་ གཞུང་གིས་ བསྟར་སྤྱོད་མཛད་མ་བཏུབ་པའི་ དཀའ་ངལ་འདུག་ཟེར་ཨིན་པས།
ཚོགས་འདུའི་ཁྲི་འཛིན་ ཀརྨ་བསམ་འཕེལ་དབང་ཕྱུག་གིས་ ས་གནས་གཞུང་གི་ བཅའ་ཁྲིམས་ནང་ དོན་ཚན་ཚུ་ གསལ་རིལ་རི་སྦེ་ འཁོད་དེ་ཡོདཔ་བཞིན་དུ་ ཚོགས་འདུའི་ཁྲི་འཛིན་དང་ ཚོགས་འདུའི་དྲུང་ཆེན་གྱིས་ ཡང་བསྐྱར་སྙན་ཞུ་འབད་རུང་ མི་སྡེ་འགོ་ཁྲིདཔ་དང་ ཞི་གཡོག་ཁག་གི་ ཡིག་ཚང་ལས་ ངོས་ལེན་འབད་མ་བཏུབ་ཟེར་ཨིན་པས།
སྙན་ཞུ་བསྡུ་སྒྲིག་དེ་ཡང་ ཟླ་ངོ་༣ གྱི་ནང་འཁོད་ལུ་ རྫོང་ཁག་ཚོགས་འདུ་བརྒྱུད་དེ་ གཞུང་དང་ ས་གནས་གཞུང་སྐྱོང་ལུ་ རྫོང་ཁག་གི་ འཆར་གཞིའི་གནད་དོན་དང་ གནད་དོན་གཞན་ཚུ་ བཅའ་ཁྲིམས་ནང་ལུ་ འཁོད་དེ་ཡོད་ཟེར་ཨིན་པས།
ད་ལས་ཕར་ རྫོང་ཁག་སྡེ་ཚན་ འགོ་དཔོན་དང་ རྒེད་འོག་བདག་སྐྱོང་ དེ་ལས་ རྫོང་ཁག་འཆར་གཞི་འགོ་དཔོན་གྱི་ ལོ་བསྟར་སྙན་ཞུ་ཚུ་ གཞུང་ལུ་ཕུལ་ནིའི་དོན་ལུ་ འཆར་གཞི་དང་འབྲེལ་བའི་ བརྡ་དོན་དང་ གནས་སྡུད་ཚུ་ ས་གནས་གཞུང་གི་ ཡིག་ཚང་ནང་ དུས་ཚོད་ཁར་བཏང་དགོཔ་སྦེ་ ཁྲི་འཛིན་གྱིས་ ཚོགས་དམངས་ལུ་ དོགས་གསལ་འབད་དེ་ གྲོས་ཆོད་གྲུབ་ཅི།
ལོ་བསྟར་སྙན་ཞུ་ནང་ ཚུད་དགོ་པའི་གནད་དོན་ཚུ་ཡང་ ལོ་བསྟར་དངུལ་འབྲེལ་གྱི་ རྩིས་ཁྲ་དང་ ས་གནས་གཞུང་གི་ དམིགས་ཡུལ་ སྲིད་བྱུས་ཀྱི་འགྲེལ་དོན་ གྲུབ་འབྲས་ཀྱི་དམིགས་ཡུལ་ སྲིས་བྱུས་ ཚུ་གི་དོན་ལུ་ དབྱེ་ཞིབ་འབད་ནི་ ཚོང་འབྲེལ་གྱི་མ་རྩ་ འཛུགས་སྤྱོད་དང་ འདི་གི་ཁེ་འབབ་ཆ་མཉམ་གྱི་ཐོ་ དེ་ལས་ ཕྱིར་སྤྲོད་འབད་མི་ ལཱ་དང་ ཅ་ཆས་ཞབས་ཏོག་ལཱ་ཚུ་གི་དོན་ལུ་ རིན་བསྡུར་གྱི་ ཐོ་དང་སྦྲགས་ འཆར་དངུལ་ ཁག་འབགཔ་དང་ ཁག་འབག་གི་ གནས་གོང་ཚུ་ཨིན་པས།
ལོ་དེ་ནང་ ལག་ལེན་གྱི་ གྲུབ་འབྲས་ཚུ་གི་ བཅུད་དོན་དང་ རྒྱུ་དངོས་ཚུ་ དངོས་ཆས་ཀྱི་ཐོ་ བྱ་ སྟབས་མ་བདེཝ་དང་ དཀའ་ངལ་ དེ་ལས་ གཞུང་ལུ་ཕུལ་དགོ་པའི་གནས་ཚུལ་ ཡང་ན་ སྙན་ཞུ་གཞན་ཚུ་ ཚོགས་འདུའི་དྲུང་ཆེན་ཡིག་ཚང་ནང་ ཕུལ་ཞིནམ་ལས་ ཚོགས་འདུའི་ཁྲི་འཛིན་གྱིས་ གཞུང་དང་ ས་གནས་གཞུང་ལུ་ སྙན་ཞུ་འབད་དགོཔ་ཨིན་པས།
ཚོགས་འདུའི་དྲུང་ཆེན་ ཀརྨ་གིས་ སླབ་མིའི་ནང་ རྩིས་ལོ་༢༠༡༧ དང་༢༠༡༨ ཀྱི་ སྙན་ཞུ་ཚུ་ ས་གནས་གཞུང་གི་ རྒེད་འོག་ཚུ་ལས་ བསྡུ་སྒྲིག་འབད་དེ་ཡོད་རུང་ རྫོང་ཁག་ལས་ཚན་ཁག་གི་ ཡིག་ཚང་ཚུ་ལས་ བསྡུ་སྒྲིག་འབད་མ་ཚུགས་པར་ ལུས་ཡོད་ཟེར་ཨིན་པའི་གནས་ཚུལ།

མོང་སྒར་ལས་ བཀྲིས་ཕུན་ཚོགས།

 

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *