ས་གནས་གཞུང་ནང་ རྒེད་འོག་བདག་སྐྱོང་འགོ་དཔོན་ཚུ་ལུ་ དགག་བཤེར་དང་ ཚད་མཉམ་གྱི་འགན་ཁུར།

༉ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༧ ལུ་ ངན་ལྷད་དང་འབྲེལ་བའི་ ཉོགས་བཤད་བསྡོམས་༣༠༥ ལྷོད་མི་ལས་༨༡ འབདཝ་ད་ བརྒྱ་ཆ་༢༦.༦ དེ་ ས་གནས་གཞུང་གི་སྐོར་ཨིན་པའི་ཁར་ འདི་བཟུམ་མའི་ ཁ་ཉེས་བཀལ་མི་དེ་ མཐོ་ཤོས་སྦེ་ར་ གནས་ཡོདཔ་ལས་ ཚ་གྱང་ལང་དགོཔ་ཅིག་ཨིན་མས།

ལྷན་ཚོགས་ཀྱིས་འབད་བ་ཅིན་ ལས་སྡེ་ཁག་སོ་སོའི་སྐོར་ ཉོགས་བཤད་ལྷོད་མི་དང་ཕྱདཔ་ད་ ས་གནས་གཞུང་ལུ་ ཁ་ཉེས་མངམ་བཀོད་མིའི་ རྒྱུ་རྐྱེན་ཡང་ ས་གནས་གཞུང་ལུ་ འགན་ཁུར་དང་ ཐོན་སྐྱེད་ཀྱི་ དབང་ཆ་མང་སུ་སྦེ་ ཕྱིར་སྤེལ་གནང་མི་དང་བསྟུན་པའི་ དགག་བཤེར་དང་ ཚད་སྙོམས་ དེ་ལས་ འགན་འཁྲིའི་ཐབས་རིག་ཚུ་མེད་པའི་ སྐྱོན་འོང་ནི་མས་ཟེར་ཨིན་མས།

ད་རེས་ནངས་པར་ དབང་ཆ་ཕྱིར་སྤེལ་གྱི་ སྲིད་བྱུས་ལུ་ གཙོ་རིམ་བཟུང་པའི་ ནམ་དུས་ལུ་ ས་གནས་གཞུང་ སྒྲིང་སྒྲི་དང་ རྩ་བརྟན་བཟོ་དགོཔ་དེ་ ག་ནི་བ་གལ་ཆེ། ག་འཆརཔ་ཟེར་བ་ཅིན་ དམངས་གཙོའི་རིང་ལུགས་དེ་ གྲོང་གསེབ་གནས་རིམ་ལས་ར་ གཞི་འགྱམ་སྒྲིང་སྒྲི་བཟོ་དགོ་པ་ཅིན་ ས་གནས་གཞུང་ཡང་ སྒྲིང་སྒྲི་བཟོ་དགོ།

གལ་སྲིད་ ས་གནས་གཞུང་ སྒྲིང་སྒྲི་མེད་པ་ཅིན་ གོང་འཕེལ་གྱི་ ལས་འཆར་ལག་ལེན་འཐབ་ནི་དང་ མི་སེར་ལུ་ གལ་གནད་ཆེ་བའི་ ཞབས་ཏོག་ཚུ་ དོན་སྨིན་ཅན་དང་ ཕན་རླབས་ཅན་སྦེ་ བསྒྲུབ་མི་ཚུགས། མ་གཞི་ ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་ལུ་ འབྲི་ལྷག་གི་ ཤེས་ཡོན་ལེགས་ཤོམ་ཡོད་རུང་ འཆར་གཞི་དང་ གོང་འཕེལ་གྱི་ ལས་སྣ་མང་རབས་ཅིག་ ལག་ལེན་འཐབ་ད་ དེ་དང་བསྟུན་པའི་ འཆར་དངུལ་ཡང་ འབོར་ཆེ་ཏོག་ཏོ་སྦེ་ ཟད་འགྲོ་བཏང་དགོཔ་ལས་ དངུལ་འབྲེལ་དང་ རྩིས་བཞག་ཐངས་ཀྱི་ ཤེས་རྟོགས་ལེགས་ཤོམ་མེད་པ་ཅིན་ ཤུལ་ལས་ ནང་དོག་སར་ ཚུད་ནི་གི་ ཉེན་ཁ་འདུག།

ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ ས་གནས་གཞུང་གི་སྐོར་ལས་ ཉོགས་བཤད་བཀོད་མི་ཚུ་ཡང་ གནད་དོན་དེ་ཚུ་ལུ་བརྟེན་ འོང་ནི་ཨིནམ་ད་ རྒཔོ་ལ་ལོ་ཅིག་ གཞུང་དངུལ་ལོག་སྤྱོད་དང་ གཡོ་སྒྱུ་འཐབ་པའི་ ཉེས་འཛུགས་ཐོག་ ཁྲིམས་ཀྱི་འདུན་སར་ བསྐྱལ་ཡོདཔ་མ་ཚད་ ད་རེས་ནངས་པར་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ཡང་ རྒེད་འོག་གནང་བྱིན་མ་དངུལ་དང་ གོང་འཕེལ་ལས་སྣ་ཚུ་གི་དོན་ལས་ མ་དངུལ་བགོ་བཀྲམ་འབད་མི་ཚུ་ལུ་ རྩིས་ཞིབ་འབད་བའི་བསྒང་ཡོདཔ་ལས་ རྩིས་སྙོམས་འགྲིགས་འབད་མ་ཚུདཔ་དང་ རྩིས་ལྷག་ཆད་ལ་སོགས་པའི་ རྩོད་རྙོགས་ཚུ་ འཐོན་ནི་གི་ འོས་འབབ་སྦོམ་ཡོད།

འདི་བཟུམ་མའི་ གནས་སྟངས་ནང་ ས་གནས་གཞུང་ལས་ཁུངས་ཀྱིས་ གསར་བཙུགས་འབད་མི་ རྒེད་འོག་བདག་སྐྱོང་འགོ་དཔོན་ཚུ་གིས་ རྒེད་འོག་བདག་སྐྱོང་ནང་ དགག་བཤེར་དང་ ཚད་མཉམ་གྱི་ འགན་ཁུར་འབག་དགོཔ་དེ་ གལ་ཆེཝ་སྦེ་མཐོངམ་མས།

རྒེད་འོག་བདག་སྐྱོང་འགོ་དཔོན་ཚུ་ མཐོ་རིམ་ཤེས་ཚད་ལྡན་མི་ཨིནམ་ལས་ གྲོང་གཡུས་དང་ རྒེད་འོག་གནས་རིམ་ནང་ འཆར་གཞི་གོང་འཕེལ་ལས་སྣ་ ག་ཅི་ར་ འགོ་འདྲེན་འཐབ་རུང་ རྒཔོ་དང་ དམངས་མི་ཚུ་ལུ་ རྒྱབ་སྐོར་འབད་ཚུགས་ནི་དང་ དངུལ་འབྲེལ་ལག་ལེན་དང་ དངུལ་རྩིས་བཞག་ཐངས་ཀྱི་ཐད་ལས་འབད་རུང་ ཚུལ་ལྡན་སྦེ་ བཞག་ནི་གི་ ལྷན་ཐབས་འབད་ཚུགས།

གལ་སྲིད་ ས་གནས་གཞུང་གི་ དབུ་ཁྲིདཔ་ཚུ་གིས་ ལཱ་འཛོལ་སོ་རུང་ ཡང་ཅིན་ མ་དངུལ་ལོག་སྤྱོད་དང་ ངན་ལྷད་རེ་འབད་དོ་ཡོད་པའི་ ཤེས་རྟོགས་དང་ ཚོར་སྣང་བྱུང་པ་ཅིན་ རྒེད་འོག་བདག་སྐྱོང་འགོ་དཔོན་ཚུ་གིས་ འདྲོག་འཇིགས་དང་ འཚེར་སྣང་མེད་པར་ དྲན་གསོ་འབད་དགོ།

ད་རེས་ནངས་པར་ རྒེད་འོག་བདག་སྐྱོང་འགོ་དཔོན་ཚུ་ གཅིག་ཤུལ་གཉིས་ཤུལ་སྦེ་ དགོངས་ཞུ་འབད་དེ་ འགྱོ་མི་དེ་གིས་ ས་གནས་གཞུང་ སྒྲིང་སྒྲི་མེདཔ་འགྱོ་དོ་ཡོདཔ་ད་ ས་གནས་གཞུང་སྒྲིང་སྒྲི་མེད་པ་ཅིན་ གྲོང་གཡུས་གནས་རིམ་ནང་ ཞབས་ཏོག་ཚུ་ཡང་ དོན་སྨིན་ཅན་སྦེ་ མཁོ་སྤྲོད་འབད་མི་ཚུགས།

འདི་འབདཝ་ལས་ ས་གནས་གཞུང་གི་ གནས་རིམ་ནང་ དགག་བཤེར་དང་ ཚད་མཉམ་དམ་སྒྲིང་བཟོ་ནི་ དེ་ལས་ ངན་ལྷད་སྔོན་འགོག་འབད་ནིའི་ ལྷན་ཐབས་ལུ་ རྒེད་འོག་བདག་སྐྱོང་འགོ་དཔོན་ཚུ་གི་ ལཱ་དང་འགན་ཁུར་ དེ་ལས་ ཐོབ་ལམ་དང་ མཐུན་རྐྱེན་ཚུ་ བསྐྱར་ཞིབ་འབད་དེ་ དམ་སྒྲིང་བཟོ་དགོཔ་འདུག།

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *