ས་གནས་གཞུང་ནང་ ཕྱོགས་ལྷུང་དང་ དབང་ཚད་ལོག་སྤྱོད།

༉ འདས་པའི་ལོ་ནང་ བསམ་རྩེ་བཀྲིས་ཆོས་གླིང་དྲུང་པ་གིས་ ཁོ་རའི་ སྣུམ་འཁོར་དེད་གཡོགཔ་དེ་ སྒྲིག་བཙུགས་ནིའི་དོན་ལུ་ རྣམ་ཅོ་འཕུར་ཡོདཔ་བཞིན་དུ་ ད་རེས་འབདཝ་ད་ དར་དཀར་ནང་ ཀརྨ་གླིང་དྲུང་པ་གིས་ ཁོང་ཁྲོ་ལང་པའི་སྟབས་ཀྱིས་ གཡུས་མི་ཅིག་ལུ་ ལྡན་ལྕག་བརྡུང་ནུག།
ས་གནས་གཞུང་ནང་ འགོ་ཁྲིད་པའི་ གོ་གནས་འཆང་མི་ ཞི་གཡོགཔ་ཚུ་གིས་ འདི་བཟུམ་མའི་ བྱ་སྤྱོད་བཏོན་མི་དེ་ ཧ་ལས་སི་སི་ཅིག་ཨིན་མས།
སྒྲིག་ལས་འགལ་བའི་ ཁ་ཉེས་བཀལ་མི་ གནད་དོན་དེ་ ཞི་གཡོག་ལམ་ལུགས་ཀྱིས་ སེལ་ཐབས་འབད་ཚུགས་པའི་ རེ་བ་ཡོད་རུང་ ཁོང་ཁྲོ་ལང་པའི་ཤུགས་ཀྱིས་ གཡུས་མི་རྡུང་རྫོབ་འབད་བའི་ གནད་དོན་ཐད་ཁར་ སྲིད་བྱུས་རྩམ་མི་ཚུ་ དྲན་ཤེས་བཏོན་དགོཔ་འདུག།
དེ་ཡང་ གཙོ་བོ་ར་ གཡུས་མི་དེ་གིས་ དྲུང་པ་ལུ་མེན་པར་ རྫོང་ཁག་བདག་སྐྱོང་ལུ་ ཉོགས་བཤད་བཀོད་ནི་དེ་གིས་ཨིནམ་ད་ ཉོགས་བཤད་ཡི་གུ་ནང་ འཐུང་ཆུ་བཀྲམ་སྤེལ་གྱི་ ཆུ་དུང་ཚུ་ གཡུས་མི་ཚུ་ལུ་ བཀྲམ་སྤེལ་འབད་བའི་སྐོར་ལས་ བཀོད་ནུག།
རྫོང་ཁག་བདག་སྐྱོང་ལུ་ ཉོགས་བཤད་བཀོད་མིའི་ནང་ རྒཔོ་གིས་ ཁོ་རའི་ ངོ་ཤེས་འདྲིས་ཤེས་ཚུ་ལུ་མ་གཏོགས་ གཡུས་མི་གཞན་ཚུ་ལུ་ ཆུ་དུང་མ་བྱིན་པས་ཟེར་བའི་ ཁ་ཉེས་བཀལ་ཡོདཔ་མ་ཚད་ རྒེད་འོག་གི་ སྣུམ་འཁོར་བོ་ལི་རོ་ ལོག་སྤྱོད་འབད་མི་དང་ མི་སྡེའི་ལཱ་ཚུ་ ཚུལ་མཐུན་ཐོག་ མ་བྱིན་པའི་སྐོར་ལས་ཡང་ ཉེས་ཁ་བཀལ་ནུག།
བྱ་རིམ་དང་མ་འཁྲིལ་བས་ཟེར་ ཁ་ཉེས་བཀལ་བའི་ཁར་ ཉོགས་བཤད་བཀོདཔ་མས་ཟེར་ གཡུས་མི་ཉམ་ཆུང་ཅིག་ལུ་ རྡུང་རྫོབ་འབད་མི་དེ་གིས་ གནད་དོན་དེ་ སེལ་ཐབས་འབད་མ་ཚུགས་པའི་ཁར་ དྲུང་ཁག་བདག་སྐྱོང་ཡང་ འཇོན་དྲགས་དང་ ནུས་ཤུགས་ཅན་སྦེ་ བཟོ་མི་ཚུགས།
དྲུང་པ་གིས་ འདི་བཟུམ་མའི་ བྱ་སྤྱོད་འབད་མི་ལུ་ལྟཝ་ད་ ཞི་གཡོག་པའི་ འགོ་ཁྲིད་པའི་གོ་གནས་ལུ་ བརྙས་བཅོས་དང་ ཚོད་ལྟ་དོ་བཟུམ་མའི་ ཚོར་སྣང་ཡང་ བྱུངམ་ཨིན་མས།
ཞི་གཡོག་ལྷན་ཚོགས་དང་ ས་གནས་གཞུང་གིས་འབད་རུང་ ཞི་གཡོགཔ་ཚུ་གི་ ཀུན་སྤྱོད་རྣམ་གཞག་ ལེགས་བསྒྱུར་འབད་དགོཔ་མ་ཚད་ ཁྲིམས་ལུགས་ཚུ་ ཚུལ་མཐུན་བསྟར་སྤྱོད་མ་འབད་བར་ ཡངས་སུ་སྦེ་ བཞག་ནི་མི་འོང་།
སྤྱིར་བཏང་གྲོང་གསེབ་ནང་ལྟཝ་ད་ གཡུས་མི་ཚུ་གིས་ ཞི་གཡོགཔ་དང་ ས་གནས་གཞུང་གི་ དབང་འཛིན་པ་ཚུ་ལུ་ གུས་ཞབས་ལེགས་ཤོམ་འབད་བའི་ མངོན་གསལ་བྱུངམ་མ་ཚད་ ས་གནས་གཞུང་གི་ དབང་འཛིན་ཚུ་འབད་རུང་ ཁོང་རའི་ ལཱ་གི་གནས་སྟངས་དང་འཁྲིལཝ་ད་ མཐའ་ཟུར་གྱི་ མི་ཚུ་དང་གཅིག་ཁར་ མཉམ་འབྲེལ་ལེགས་ཤོམ་འབད་དགོཔ་འདུག།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ནང་ ངོ་ཚབ་ལས་སྡེ་ཚུ་གི་གྲས་ལས་ ས་གནས་གཞུང་ལུ་ ཉེས་འཛུགས་འབད་མི་དེ་ མཐོ་ཤོས་ཅིག་ཨིནམ་ད་ འདས་པའི་ལོ་ནང་ ལྷན་ཚོགས་ཀྱིས་ ས་གནས་གཞུང་ལུ་ ཉོགས་བཤད་བཀོད་མི་ གནད་དོན་༨༡ ཐོ་བཀོད་འབད་མི་དེ་ སྤྱིར་བསྡོམས་ཉོགས་བཤད་ལྷོད་མི་ལས་ བརྒྱ་ཆ་༢༧ ཨིན་མས།
དེ་ཡང་ ལྷན་ཚོགས་ཀྱིས་འབད་བ་ཅིན་ དགག་བཤེར་ཚད་མཉམ་དང་ འགན་འཁྲིའི་ཐབས་ལམ་ཚུ་ རྟགས་མཐུན་མ་འབད་བར་ ས་གནས་གཞུང་ལུ་ འགན་དབང་དང་ མཐུན་རྐྱེན་ཚུ་ ཡར་སེང་ཐོག་ བྱིན་མི་ལུ་བརྟེན་ བྱུང་ཡོདཔ་སྦེ་ བཀོདཔ་ཨིན་མས།
འགོ་དཔོན་ཚུ་གིས་ འགན་ཁུར་དང་དབང་ཚད་ ལོག་སྤྱོད་འབད་ནི་ལས་ བཀག་ནིའི་དོན་ལུ་ ང་བཅས་ར་ ལཱ་འབད་དགོཔ་ལེ་ཤ་ཡོདཔ་ད་ སྤྱི་ལོ་༢༠༡༦ ལོའི་ རྒྱལ་ཡོངས་གཅིག་སྒྲིལ་བརྟག་ཞིབ་དང་འཁྲིལཝ་ད་ ངན་ལྷད་དེ་ གཙོ་བོ་ར་ མི་མང་ཞབས་ཏོག་མཁོ་སྤྲོད་ནང་ ཉེ་རིང་ཕྱེ་ནི་དང་ ཕྱོགས་ལྷུང་གི་ཐོག་ལས་ བྱུངམ་མས་ཟེར་ཨིནམ་ད་ དྲུང་པ་ཚུ་གི་ རྩོད་དོན་དེ་ ཕྱོགས་ལྷུང་དང་ དབང་ཚད་ལོག་སྤྱོད་ནང་ ཚུདཔ་ཨིན་མས།
རྩོད་རྙོགས་འདི་ལུ་ལྟཝ་ད་ ང་བཅས་རའི་གཡུས་ཚན་ཚུ་ནང་ ད་ལྟོ་ཡང་ འཐུང་ཆུ་བཀྲམ་སྤེལ་དང་ ཆུ་དུང་བཀྲམ་སྤེལ་ཐད་ཁར་ སྒྲིང་སྒྲི་ཅིག་ འབད་མ་ཚུགས་པར་ ལུས་སོ་ནུག།

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *