༉ གཞལམ་སྒང་ལུ་ ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་གིས་ འབད་བ་ཅིན་ རྫོང་ཁག་ཚོགས་འདུ་འཚོགས་པའི་སྐབས་ གཞུང་ལུ་ ལྕམ་མཁར་ཆུ་ གློག་མེ་ལས་འགུལ་གྱི་ གནས་རིམ་སྐོར་ལས་ སྙན་ཞུ་འབད་དེ་ ཡོད་ཟེར་ཨིན་པས།
བར་དོ་རྒཔོ་ ཀུན་བཟང་འགྱུར་མེད་ཀྱིས་ སླབ་མིའི་ནང་ འདས་པའི་གཞུང་གཉིས་ཀྱིས་ ལྕམ་མཁར་ཆུའི་ལས་འགུལ་དེ་ ཁེངས་རིགས་རྣམ་གསུམ་ལུ་ ཁས་བླངས་འབད་ཡོདཔ་ལས་ མི་སེར་ཚུ་ ལས་འགུལ་འདི་ལུ་བརྟེན་ ཁོང་རའི་དཔལ་འབྱོར་དང་ རྟེན་གཞི་ཚུ་ ཡར་རྒྱས་བཏང་ཚུགས་པའི་ རེ་བ་བསྐྱེད་དེ་ཡོད་ཟེར་ཨིན་པས།
ཁོ་གིས་ འབད་བ་ཅིན་ གཞུང་དང་པ་གིས་ ཞིབ་འཚོལ་གྱི་ལཱ་ འགོ་བཙུགས་ཡོདཔ་ད་ གཞུང་གཉིས་པ་གིས་ ལས་འགུལ་འགོ་བཙུགས་ནིའི་ ཁས་ལེན་འབད་དེ་ར་ གཞུང་སྐྱོང་གི་ དུས་ཚོད་ཚང་སོ་ཡི་ཟེར་ཨིན་པས།
དེ་འབདཝ་ལས་ ད་ལྟོ་ གཞུང་གསརཔ་གིས་ ལས་འགུལ་དེ་ འགོ་བཙུགས་ནི་ཨིན་ན་ ཤེས་དགོཔ་འདུག་ཟེར་ བར་དོ་རྒཔོ་གིས་ བཤདཔ་ཨིན་པས།
ཁོ་གིས་ འབད་བ་ཅིན་ གཞུང་གིས་ འོང་འབབ་ཉུང་སུ་ཐོབ་མི་ཚུ་ ཡར་འཐུ་ནིའི་ གཙོ་རིམ་བཟུང་ཡོདཔ་ལས་ གཞལམ་སྒང་གི་ མི་སེར་ཚུ་ལུ་ ལས་འགུལ་དེ་ མེད་ཐབས་མེདཔ་ཅིག་ཨིན་ཟེར་ཨིན་པས།
སྤང་མཁར་རྒཔོ་ བཀྲིས་ཀྱིས་ སླབ་མིའི་ནང་ འཁོར་ལམ་བཟོ་སྐྲུན་འབད་ནི་དང་ ལས་འགུལ་འགོ་བཙུགས་ནིའི་དོན་ལུ་ མ་དངུལ་བཏང་ཡོདཔ་ལས་ མི་སེར་ཚུ་ གཞུང་གསརཔ་གིས་ ལས་འགུལ་འགོ་བཙུགས་འོང་ཟེར་བའི་ རེ་བ་བསྐྱེད་དེ་ཡོདཔ་ཨིན་པས།
རྒཔོ་གིས་ འབད་བ་ཅིན་ ལྕམ་མཁར་ཆུའི་ སྦོ་ལོགས་ཁར་སྡོད་མི་ཚུ་ ལས་འགུལ་འགོ་བཙུགས་ཚུགས་པའི་ རེ་བ་བསྐྱེད་དེ་ ཁྱིམ་རྐྱབ་ནིའི་དོན་ལུ་ གཞུང་ལས་ སྐྱིན་འགྲུལ་ཡང་ལེན་ཡོདཔ་ལས་ གལ་སྲིད་ གཞུང་གིས་ ལས་འགུལ་འགོ་མ་བཙུགས་པ་ཅིན་ མི་སེར་ཚུ་ལུ་ དཀའ་ངལ་འབྱུང་འོང་ཟེར་ཨིན་པས།
ད་རུང་ ཁོ་གིས་འབད་བ་ཅིན་ རྒེད་འོག་ནང་ སློབ་གྲྭ་ལས་ཐོན་སྡོད་མི་ ན་གཞོན་༦༠ དེ་ཅིག་ཡོད་མི་ཚུ་གིས་ཡང་ ལས་འགུལ་འགོ་བཙུགས་བཞིནམ་ལས་ ལཱ་གཡོག་འཐོབ་པའི་རེ་བ་ བསྐྱེད་དེ་ཡོད་ཟེར་ཨིན་པས།
ཁེངས་ཀྱི་མི་སེར་ཚུ་གིས་ འབད་བ་ཅིན་ ལས་འགུལ་འགོ་བཙུགས་ཚུགས་པ་ཅིན་ སོ་ནམ་ཐོན་བསྐྱེད་ཚུ་ བཙོང་ཞིནམ་ལས་ འོང་འབབ་བཟོ་ཚུགས་ནི་མས་ཟེར་ཨིན་པས།
གླང་དུར་སྦིས་ལས་ སྐྱེས་ལོ་༦༢ ལང་མི་སོ་ནམ་པ་ མཁའ་འགྲོ་གིས་ སླབ་མིའི་ནང་ ལས་འགུལ་འགོ་བཙུགས་པ་ཅིན་ མི་སེར་ཚུ་ ཡར་རྒྱས་གོང་འཕེལ་འགྱོ་ནི་ལུ་ ཕན་གྲོགས་ཡོད་ཟེར་ཨིན་པས།
གཞལམ་སྒང་རྫོང་རབ་ ཀུན་བཟང་རྡོ་རྗེ་གིས་ འབད་བ་ཅིན་ སྤྱི་ཟླ་༡༢ པའི་ཚེས་༦ ལུ་ རྫོང་ཁག་ཚོགས་འདུ་གིས་ རྒྱལ་ཡོངས་ཚོགས་འདུའི་ཡོངས་ཁྱབ་དྲུང་ཆེན་ལུ་ ལས་འགུལ་དེ་ མགྱོགས་པ་ར་འགོ་བཙུགས་དགོ་པའི་ ཞུ་བ་ཕུལ་ཡོད་ཟེར་ཨིན་པས།
འདས་པའི་གཞུང་གིས་ ཁས་བླངས་འབད་ཡོད་པའི་ གློག་ཤུགས་མེ་ག་ཝཊ་༧༧༠ འབད་མི་ལས་འགུལ་དེ་ སྤྱི་ལོ་༢༠༡༥ ལུ་ གནད་དོན་གཙོ་བོ་ཅིག་སྦེ་ གྲོས་བསྡུར་འབད་ཡོདཔ་ད་ ལ་ལོ་གིས་འབད་བ་ཅིན་ རྒྱལ་ཁབ་ནང་ཡོད་པའི་ ཆུ་ག་ར་གློག་མེ་ལས་འགུལ་མ་བཟོ་བར་ བཞག་དགོཔ་སྦེ་ སླབ་དོ་ཡོད་རུང་ གཞལ་སྒང་གི་མི་སེར་ཚུ་གིས་ མཐའ་ཟུར་གྱི་ མི་སེར་ཚུ་ འོང་འབབ་བཟོ་ནིའི་དོན་ལུ་ ལས་འགུལ་དེ་ དགོཔ་འབད་ར་སླབ་ཨིན་པས།
ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་གིས་ འབད་བ་ཅིན་ འདས་པའི་གཞུང་གིས་ གྲོས་བསྡུར་མང་རབས་ཅིག་ འབད་བའི་ཤུལ་ལུ་ ལས་འགུལ་འགོ་བཙུགས་ནིའི་ ཁ་མཆམ་བྱུང་ཡོདཔ་ལས་ ད་རེས་ གཞུང་གསརཔ་གིས་ ལས་འགུལ་དེ་ འགོ་བཙུགས་ཚུགས་པ་ཅིན་ མི་སེར་ཚུ་ སེམས་དགའ་ནི་དང་ ས་གནས་ཀྱི་ མི་སེར་ཚུ་ལུ་ ཕན་ཐོགས་སྦོམ་འོང་ཟེར་ཨིན་པས།
ལས་འགུལ་དེ་ འགོ་བཙུགས་ཚུགས་མི་ཚུགས་ སྤྱི་ལོ་༢༠༡༩ ཟླ་༡ ཚེས་༢ ལུ་ རྒྱལ་ཡོངས་ཚོགས་འདུ་ནང་ གྲོས་བསྡུར་འབད་བཞིནམ་ལས་ གྲུབ་འབྲས་ཐོན་ཞིནམ་ལས་ ཧ་གོ་ཚུགས་ནི་ཨིན་པའི་གནས་ཚུལ།
རྣམ་རྒྱལ་དབང་མོ་དང་ བཀྲིས་སྒྲོལ་མ།