༉ ཁ་ཙ་ ཆུ་ཁ་རྫོང་ཁག་ཚོགས་འདུ་ ཐེངས་༤ པ་འཚོགས་པའི་སྐབས་ ཆུ་ཁ་སྨད་ཕྱོགས་ཀྱི་ ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་གིས་ འབྲུག་གོང་འཕེལ་དངུལ་ཁང་གི་ ཁ་ཐུག་ལས་ ཁོང་གི་རྒེད་འོག་ཚུ་ནང་ གྲོང་གསེབ་མི་སེར་ཚུ་ལུ་ སྐྱིན་འགྲུལ་བྱིན་ནི་ བཞག་མི་དེ་ལུ་ དྲི་བཀོད་འབད་ནུག།
དེ་ཡང་ གད་ལྟག་ནང་གི་ རྒཔོ་ཀུན་ལེགས་ཀྱིས་ ཚོགས་འདུ་ནང་ ཞུ་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ དངུལ་ཁང་དེ་གིས་ དུས་ཅི་ལས་འགོ་བཙུགས་ སྐྱིན་འགྲུལ་མཚམས་འཇོག་འབད་་ནིའི་ གྲོས་ཐག་བཅད་མི་དེ་ གནད་དོན་ག་ཅི་ལུ་བརྟེན་ཨིན་ན་ མི་སེར་ཚུ་གིས་ རྒེད་འོག་བདག་སྐྱོང་ལུ་ དྲི་བ་བཀོད་པར་ ལོག་ཅི་ལོག་ཅི་ འོངམ་མས་ཟེར་ཨིན་པས།
དགེ་འདུ་ལུ་ཡོད་མི་ འབྲུག་གོང་འཕེལ་དངུལ་ཁང་གི་ འགོ་དཔོན་ཚུ་གིས་ ཡིག་ཚང་ལྟེ་བའི་ བཀའ་རྒྱ་དང་འཁྲིལ་ སྐྱིན་འགྲུལ་འཛིན་གྲོལ་འབད་ནི་ཚུ་ བཞག་ཡོདཔ་སྦེ་ སླབ་མས་ཟེར་ རྒཔོ་ཀུན་ལེགས་ཀྱིས་ བཤད་པའི་ཁར་ སྐྱིན་འགྲུལ་གྱི་ མཐུན་རྐྱེན་མེད་མི་ལུ་བརྟེན་ གྲོང་མི་ལེ་ཤ་ཅིག་གིས་ འཆར་གཞི་དང་འཁྲིལ་ ལས་འགུལ་ཚུ་ འགོ་བཙུགས་མ་ཚུགས་པར་ ལུས་ཡོད་ཟེར་བཤད་ནུག།
མ་གཞི་ སྐྱིན་འགྲུལ་མཚམས་འཇོག་འབད་མི་དེ་ གཡུས་ཚན་ནང་ སྐྱིན་ཚབ་བཏབ་མ་ཚུགས་མི་ ལེ་ཤ་ཡོད་ནི་དེ་གིས་ཨིནམ་སྦེ་ རྒེད་འོག་བདག་སྐྱོང་ལུ་ སླབ་དེས་ཟེར་ཨིན་རུང་ སྐྱིན་འགྲུལ་གྱི་ དགོས་མཁོ་ཡོད་མི་ཚུ་ལུ་ ཐོ་ཕོག་སྟེ་ཡོད་ཟེར་ཨིན་པས།
རྒཔོ་ཀུན་ལེགས་ཀྱིས་འབད་བ་ཅིན་ གྲོང་གསེབ་མི་སེར་ཚུ་གིས་ སྐྱིན་འགྲུལ་ལེནམ་ད་ ལག་ཁྲམ་དེ་ གཏའ་མ་སྦེ་ བཙུགས་དོ་ཡོདཔ་ལས་ དངུལ་ཁང་གིས་ སྐྱིན་ཚབ་སྤྲོད་མ་ཚུགས་མི་ཚུ་ལུ་ གཏའ་མ་བཙུགས་མི་དང་འཁྲིལ་ དང་ལེན་འབད་དགོ་ཟེར་ཨིན་པས།
གདུང་ནག་རྒཔོ་པ་སངས་དང་ སྨད་ལྟག་ཁ་དམངས་མི་གིས་ ཁོང་གི་ རྒེད་འོག་ཚུ་ནང་ཡང་ དཀའ་ངལ་ཅོག་འཐདཔ་ བྱུང་སྟེ་ཡོད་ཟེར་ བཤད་ཡོདཔ་ད་ རྒཔོ་པ་སངས་ཀྱིས་འབད་བ་ཅིན་ སྐྱིན་ཚབ་ཚུ་ ལོག་སྤྲོད་ཚར་མི་ སོ་ནམ་པ་ཚུ་ལུ་ཡང་ སྐྱིན་འགྲུལ་ཐོབ་མ་ཚུགས་པར་ཡོད་ཟེར་ཨིན་པས།
དགེ་འདུ་ལུ་ཡོད་མི་ དངུལ་ཁང་གི་འཐུས་ཚབ་ ཆོས་སྐྱིད་དབང་ཕྱུག་གིས་ ད་ལྟོ་ སྐྱིན་འགྲུལ་འཛིན་གྲོལ་མ་འབད་བར་བཞག་མིའི་ གནད་དོན་ལེ་ཤ་ཡོད་མི་དེ་ཡང་ དངུལ་འབྲེལ་ལམ་ལུགས་གསརཔ་ ལག་ལེན་འཐབ་མི་དེ་གིས་ དཀའ་ངལ་བྱིནམ་མ་ཚད་ དངུལ་ཁང་དེ་ གྱོང་རྒུད་ཕོག་པའི་ ནམ་དུས་ལུ་ཡང་ སྐྱིན་འགྲུལ་བྱིན་ནི་མེད་ཟེར་ བཤདཔ་ཨིན་པས།
དེ་འབདཝ་ད་ གདུང་ནག་རྒེད་འོག་ནང་ སྐྱིན་འགྲུལ་མཚམས་འཇོག་འབད་མི་དེ་ སྐྱིན་ཚབ་སྤྲོད་མ་བཏུབ་མིའི་ གྱངས་ཁ་ཡར་འཕར་འགྱོ་ནི་དེ་གིས་ཨིན་ཟེར་ ཆོས་སྐྱིད་དབང་ཕྱུག་གིས་ བཤདཔ་ཨིན་པས།
རྒེད་འོག་དེ་གི་ མི་སེར་༡༥༠ གིས་ འབྲུག་གོང་འཕེལ་དངུལ་ཁང་ལས་ སྐྱིན་འགྲུལ་ལེན་མིའི་གྲས་ལས་ ཕྱེད་ཀ་ལྷགཔ་ཅིག་གིས་ སྐྱིན་ཚབ་མ་སྤྲོད་པར་ཡོདཔ་ཨིན་པས།
དགེ་འདུ་ཡན་ལག་དངུལ་ཁང་གིས་ གད་ལྟག་ནང་དང་ གདུང་ནག་ སྨད་ལྟག་ཁ་ སྦོང་སྒོར་རྒེད་འོག་ཚུ་ལུ་ སྐྱིན་འགྲུལ་བྱིན་དོ་ཡོདཔ་ད་ རྒེད་འོག་དེ་ཚུ་ནང་ལས་ མི་༡,༠༡༢ དེ་ཅིག་གིས་ སྐྱིན་འགྲུལ་ལེན་མིའི་གྲས་ལས་༥༠༠ དེ་ཅིག་ གྲོང་གསེབ་མི་སེར་ཚུ་ཨིན་པས།
ཆོས་སྐྱིད་དབང་ཕྱུག་གིས་ སླབ་མིའི་ནང་ སྐྱིན་འགྲུལ་ཚུ་ སྤྱི་ཟླ་༦ པའི་རྩིས་ལོ་མཇུག་བསྡུ་བའི་ཤུལ་ལུ་ ལོག་འགོ་བཙུགས་ནི་འོང་ཟེར་ཨིནམ་ད་ ཁ་ཙ་ ཞལ་འཛོམས་ཅིག་ ཕུན་ཚོགས་གླིང་ལུ་ འཚོགས་ཡོདཔ་ལས་ གྲོས་ཐག་ཅིག་ བཅད་བཅདཔ་འོང་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

གདུང་ནག་རྒཔོ་ པ་སངས་ཀྱིས་ རྫོང་ཁག་ཚོགས་འདུ་ནང་ སྐྱིན་འགྲུལ་མཚམས་འཇོག་འབད་མིའི་སྐོར་ གསལ་ཞུ་འབད་བའི་བསྒང་།