ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་ལུ་ ནང་ཁ་ནང་འགྲིགས་ཀྱི་སྦྱོང་བརྡར།

༉ འབྲུག་རྒྱལ་ཡོངས་ཁྲིམས་དོན་གཙུག་སྡེ་གིས་ ད་རིས་ལས་འགོ་བཙུགས་ སྤུ་ན་ཁ་ལུ་སྦེ་ མགར་ས་དང་ སྤུ་ན་ཁ་རྫོང་ཁག་༢ ཀྱི་ ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་ལུ་ ནང་ཁ་ནང་འགྲིགས་ཀྱི་ སྦྱོང་བརྡརའགོ་བཙུགས་ནི་ཨིན་པས།
སྦྱོང་བརྡར་ འགོ་འདྲེན་འཐབ་མི་དེ་ཡང་ ལས་འགན་ཆུང་རིམ་ཚུ་བརྩིས་ཏེ་ ཁྲིམས་འདུན་གྱི་ ལཱ་འགན་མར་ཕབ་རྐྱབ་ཚུགས་པའི་ཁར་ གཉིས་པ་ཟེརཝ་ད་ སྔོན་དང་ཕུ་ལས་ཡོད་པའི་ རང་ལུགས་ཀྱི་ ལམ་སྲོལ་བདག་འཛིན་འཐབ་ཐོག་ལས་ མི་སྡེ་ཚུ་ནང་ རྩོད་རྙོགས་མར་ཕབ་རྐྱབ་ནི་ དེ་ལས་ གསུམ་པ་ ངོ་རྐྱང་དང་ མི་སྡེ་ཚུ་ལུ་ དྲང་ཁྲིམས་ཐོབ་ཐབས་ལུ་དམིགས་ཏེ་ མི་དབང་རྒྱལ་པོའི་སྲསམོ་ བསོད་ནམས་བདེ་ཆེན་དབང་ཕྱུག་མཆོག་གི་ དབུ་ཁྲིད་བཟང་པོའི་འོག་ལུ་ སྤྱི་ལོ་༢༠༡༢ ལས་ ནང་ཁ་ནང་འགྲིགས་ གོང་འཕེལ་དང་ རྒྱ་སྐྱེད་ཀྱི་ལས་རིམ་ འགོ་བཙུགས་བཙུགསཔ་ཨིན་པས།
གཙུག་སྡེ་གིས་ རྒྱལ་ཁབ་ཀྱི་ རྫོང་ཁག་༢༠ འི་ ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་གི་དོན་ལུ་ སྦྱོང་བརྡར་མང་རབས་ཅིག་འགོ་འདྲེན་འཐབ་ཡོདཔ་ད་ སྤྱི་ལོ་༢༠༡༢ དང་༢༠༡༦ གི་བར་ན་ ས་གནས་གཞུང་གི་ འགོ་ཁྲིདཔ་༡,༠༩༨ ལུ་ ནང་ཁ་ནང་འགྲིགས་ཀྱི་ སྦྱོང་བརྡར་བྱིན་ཡི་ཟེར་ཨིན་པས།
སྦྱོང་བརྡར་ལས་རིམ་ལུ་བརྟེན་ རྩོད་གཞི་ཚུ་ ཁྲིམས་འདུན་ལུ་ གཞུང་འབྲེལ་ཐོག་ ཕྱེ་མ་དགོ་པར་ ནང་འགྲིགས་འབད་ཐོག་ལས་ སྟབས་བདེ་ཏོག་ཏོ་སྦེ་ སེལ་ཚུགས་པའི་ ངལ་རངས་བྱུང་ཡོད་ཟེར་ཨིན་པས།
ད་ལྟོའི་ སྦྱོང་བརྡར་དེ་ ཐེངས་༢ པ་ཨིནམ་ད་ འགོ་འབྱེད་རྟེན་འབྲེལ་དེ་ ཧཱ་ལུ་ སྤྱི་ལོ་༢༠༡༨ ཟླ་༩ པའི་ཚེས་༡༩ ལུ་ གཙུག་སྡེའི་གཙོ་འཛིན་གྱིས་ འགོ་འབྱེད་མཛད་པའི་ཤུལ་ལས་ འཕྲོ་མཐུད་དེ་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
སྦྱོང་བརྡར་དེ་ བཙག་འཐུ་གྲུབ་མི་ ས་གནས་གཞུང་གི་ འགོ་ཁྲིདཔ་གསརཔ་ཚུ་ལུ་ འགོ་འདྲེན་འཐབ་མི་དེ་ཡང་ ཧེ་མ་ གོ་སྐབས་ཐོབ་མི་ཚུ་ལུ་ ལོག་བྱིན་མ་དགོཔ་སྦེ་ཨིན་ཟེར་ གཙུག་སྡེའི་འགོ་དཔོན་གྱིས་ བཤདཔ་ཨིན་པས།
ད་ཚུན་ མགར་ས་དང་ སྤུ་ན་ཁ་རྫོང་ཁག་མ་བརྩིས་བར་ གཙུག་སྡེ་གིས་ རྫོང་ཁག་༩ གི་ ས་གནས་གཞུང་གི་ འགོ་ཁྲིདཔ་༥༦༧ ལུ་ སྦྱོང་བརྡར་བྱིན་ཡོདཔ་ད་ སྤྱི་ལོ་༢༠༡༢ ལས་༢༠༡༨ ཀྱི་བར་ན་ བསྡོམས་ཀྱིས་ ས་གནས་གཞུང་གི་ འགོ་ཁྲིདཔ་༡,༦༦༥ ལུ་ སྦྱོང་བརྡར་བྱིན་ནུག།
སྤུ་ན་ཁ་ ཁུ་རུ་ཐང་འབྲིང་རིམ་སློབ་གྲྭ་བར་མའི་ནང་སྦེ་ འགོ་འདྲེན་འཐབ་མི་ སྦྱོང་བརྡར་ལས་རིམ་ནང་ ལས་གཡོག་ལྷན་ཁག་དང་ བཟོ་སྐྲུན་གོང་འཕེལ་བཀོད་ཚོགས་ རྒྱལ་ཡོངས་ཁྲིམས་ཀྱི་ གཙུག་ལག་གོང་མའི་ སྦྱོང་བརྡར་བ་ཚུ་གིས་ མ་ཚད་པར་ མགར་ས་ལས་འཐུས་མི་༡༤ དང་ སྤུ་ན་ཁ་ལས་འཐུས་མི་༥༤ འབདཝ་ད་ བསྡོམས་ཀྱིས་ འཐུས་མི་༦༨ ཀྱིས་ བཅའ་མར་གཏོགས་དོ་ཡོདཔ་ཨིན་པས།
ཤུལ་མའི་སྦྱོང་བརྡར་དེ་ དབང་འདུས་ཕོ་བྲོང་རྫོང་ཁག་ དབང་འདུས་སློབ་གྲྭ་ཆུང་བའི་ནང་ འགོ་འདྲེན་འཐབ་ནིའི་ འཆར་གཞི་ཡོདཔ་ད་ དེ་སྐབས་ དབང་འདུས་རྫོང་ཁག་འོག་གི་ ས་གནས་གཞུང་གི་ འགོ་ཁྲིདཔ་༥༨ ཀྱིས་ བཅའ་མར་གཏོགས་ནིའི་ རེ་བ་ཡོདཔ་ཨིན་པས།
འབྲུག་རྒྱལ་ཡོངས་ཁྲིམས་དོན་གཙུག་སྡེའི་ འགོ་དཔོན་ཚུ་དང་འཁྲིལཝ་ད་ སྦྱོང་བརྡར་དེ་ འགོ་འདྲེན་འཐབ་དགོ་མི་དེ་ཡང་ ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་ མི་སྡེ་ཚུ་དང་གཅིག་ཁར་ འབྲེལ་བ་འཐབ་སའི་ གཞི་གནད་གཙོ་བོ་ཅིག་འབདཝ་ལས་ ས་གནས་གཞུང་གི་ བཅའ་ཁྲིམས་༢༠༠༩ ཅན་མའི་ནང་ ས་གནས་ཚུ་ནང་བྱུང་མི་ རྩོད་རྙོགས་ཆུང་རིམ་ཚུ་ བསལ་ནིའི་དབང་ཆ་དེ་ ས་གནས་གཞུང་ལུ་ ཡོད་མི་ལུ་བརྟེན་ ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

 

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *