༉ གཞུང་གིས་ ས་གནས་གཞུང་གི་ འཐུས་མི་ཚུ་གི་དོན་ལུ་ ཟླ་རིམ་གྱི་ དངུལ་ཕོགས་ཡར་སེང་འབད་མི་དང་འབྲེལ་ ཁོང་གི་འགྲུལ་འཐུས་དང་ ཉིན་འཐུས་ དེ་ལས་ འགྲུལ་འཕྲིན་གྱི་འཐུས་ཚུ་ཡང་ ཡར་སེང་འབད་ནིའི་གྲོས་འཆར་ཡོདཔ་ཨིན་པས།
དངུལ་ཕོགས་ཡར་སེང་དེ་ བརྒྱ་ཆ་༤༠ གིས་ ཡར་སེང་འབད་ཡོདཔ་ད་ དེ་ལས་ རྫོང་ཁག་ཚོགས་འདུའི་ཁྲི་འཛིན་དང་ ཁྲི་འཛིན་འོག་མ་ལུ་ དམིགས་བསལ་འགན་ཁུར་གྱི་འཐུས་ ཧེ་མ་དང་ཕྱདཔ་ད་ དྲུག་ལྟབ་ཡར་སེང་འབད་ཡོདཔ་མ་ཚད་ ཉིན་འཐུས་བརྒྱ་ཆ་༣༣ གྱིས་ཡར་སེང་དང་ འཐུས་མི་ཚུ་ རྒེད་འོག་ནང་ལས་ ཕྱི་ཁར་འགྱོ་བ་ཅིན་ འགྲུལ་འཐུས་དང་ ཉིན་འཐུས་བརྒྱ་ཆ་༦༦ ཡར་སེང་འབད་ཡོདཔ་ཨིན་པས།
དངུལ་ཕོགས་དང་ འཐུས་ཡར་སེང་འབད་མི་དེ་གིས་ ལོ་བསྟར་བཞིན་དུ་ གཞུང་ལུ་ ཟད་འགྲོ་ཐེབས་ དངུལ་ཀྲམ་ས་ཡ་༡༣༥.༤༠༦ གནས་ནི་ཨིནམ་ད་ དངུལ་ཕོགས་ཡར་སེང་གི་ སྙན་ཞུ་དེ་ འདས་པའི་བདུན་མཐའ་ལུ་ དངུལ་རྩིས་བློན་པོ་རྣམ་རྒྱལ་རྡོ་རྗེ་གིས་ རྒྱལ་ཡོངས་ཚོགས་སྡེ་ལུ་ ཕུལ་ཡི།
དེ་ཡང་ བློན་པོ་གིས་ ཞུ་མིའི་ནང་ ད་ལྟོ་ཡར་སེང་དེ་ ས་གནས་གཞུང་གི་ འཐུས་མི་ཚུ་རྐྱངམ་གཅིག་མ་གཏོགས་ སྤྱི་གཡོག་གཞན་ཚུ་ལུ་ བྱིན་མི་ཚུགས་ནི་མས་ཟེར་ཨིན་མི་དེ་ཡང་ ཡར་སེང་དེ་གིས་ གཞུང་ལུ་ཟད་འགྲོ་སྦོམ་ གནས་ནི་དེ་གིས་ཨིན་པས།
བློན་པོ་གིས་འབད་བ་ཅིན་ ཁོང་གི་དོན་ལུ་ ཡར་སེང་མེད་མི་དེ་ ད་ལྟོ་ བཟོ་སྐྲུན་འབད་བའི་བསྒང་ཡོད་མི་ གློག་མེ་ལས་འགུལ་ཚུ་ དུས་ཚོད་ཁར་ སྒྲུབ་མ་ཚུགས་ནི་དེ་གིས་ མ་དངུལ་གྱི་ དཀའ་ངལ་འཐོན་ནི་མས་ཟེར་ཨིན་པས།
འཐུས་མི་ཚུ་གིས་ ཞུ་མིའི་ནང་ དངུལ་ཕོགས་ལྷན་ཚོགས་ཀྱི་ སྙན་ཞུ་དང་འཁྲིལ་བ་ཅིན་ ཚོགས་པ་དང་ དམངས་མི་ཚུ་གི་དོན་ལུ་ འགྲུལ་འཐུས་དེ་ཡང་ ཡར་སེང་འབད་དགོཔ་འདུག་ཟེར་ཨིནམ་ད་ བསམ་གྲུབ་ལྗོངས་མཁར་གྱི་འཐུས་མི་ འཇིགས་མེད་དབང་ཕྱུག་གིས་འབད་བ་ཅིན་ ཡར་སེང་གི་ སྙན་ཞུ་དང་འཁྲིལ་བ་ཅིན་ དམངས་མི་དང་ ཁྲོམ་སྡེ་འཐུས་མི་ དེ་ལས་ ཚོགས་པ་ཚུ་གིས་ འགྲུལ་འཐུས་དེ་ ཀི་ལོ་མི་ཊར་རེ་ལུ་ དངུལ་ཀྲམ་༦ ཐོབ་མི་དེ་ ཉུང་དོ་ཡོདཔ་ལས་ ཡར་སེང་འབད་དགོཔ་འདུག་ཟེར་ཨིན་པས།
སྤོ་རོའི་འཐུས་མི་ ཀ་ཀ་ཚེ་རིང་གིས་འབད་བ་ཅིན་ རྒཔོ་དང་ ཁྲོམ་དཔོན་གྱི་དོན་ལུ་ འགྲུལ་འཐུས་ཡང་ སྤྱིར་བཏང་སྤྱི་གཡོགཔ་བཟུམ་སྦེ་ ཀི་ལོ་མི་ཊར་རེ་ལུ་ དངུལ་ཀྲམ་༡༦ བཟོ་དགོཔ་མ་ཚད་ དམངས་མི་དང་ ཚོགས་པའི་དོན་ལུ་ཡང་ ཁོང་རའི་ སྡེ་རིམ་དང་འཁྲིལ་ འགྲུལ་འཐུས་ཀྱི་ ཐོབ་ཐངས་ཅིག་བཟོ་བ་ཅིན་ དེ་གིས་ ལཱ་འབད་བའི་སྐབས་ སེམས་ཤུགས་བསྐྱེད་བཅུག་ནི་ལུ་ ཕན་ཐོགས་འབྱུང་ནི་མས་ཟེར་ཨིན་པས།
མ་གཞི་ རྒྱལ་ཡོངས་ཚོགས་སྡེ་གིས་འབད་བ་ཅིན་ དངུལ་ཕོགས་ཡར་སེང་དེ་ འོས་འབབ་མིན་འདུག་ཟེར་ཨིནམ་ད་ ཨིན་རུང་ གནད་དོན་དེའི་ཐོག་ལུ་ ད་རིས་ འཕྲོ་མཐུད་དེ་ གསུང་གྲོས་གནང་ནི་ ཨིན་པའི་གནས་ཚུལ།
བསྟན་འཛིན་རྣམ་རྒྱལ།