ས་གནས་གཞུང་གི་ ཐོབ་ཐངས་སྒྲིག་གཞི་ བསྟར་སྤྱོད་ཀྱི་དོན་ལུ་ གྲ་སྒྲིག་ཡོདཔ།

༉ ས་གནས་གཞུང་གི་ ཐོབ་ཐངས་སྒྲིག་གཞི་བསྟར་སྤྱོད་དོན་ལུ་ གྲ་སྒྲིག་འབད་ཚར་ཏེ་ཡོདཔ་ལས་ འཕྲལ་མགྱོགས་ར་ ལག་ལེན་འཐབ་ནི་ཨིན་པས།

དེ་ཡང་ ཁ་ཙ་ རྒྱལ་ཡོངས་ཚོགས་འདུ་ནང་ པདྨ་དགའ་ཚལ་ན་ནོང་-ཤུ་མར་གྱི་འཐུས་མི་ བདེ་ཆེན་བཟང་མོ་གིས་ ས་གནས་གཞུང་གི་ འཐུས་མི་ཚུ་གི་ ཐོབ་ཐངས་བཅའ་ཡིག་དེ་ ཆ་འཇོག་གྲུབ་སྟེ་ ལོ་༢ སོང་ཡོདཔ་མ་ཚད་ ད་རེས་ཀྱི་ཚོགས་ཐེངས་ནང་ཡང་ ས་གནས་གཞུང་གི་ དངུལ་ཕོགས་ཀྱི་ ཐོབ་ཐངས་གཞན་ཚུ་ བསྐྱར་ཞིབ་གནང་ནི་དེ་གིས་ སྒྲིག་གཞི་ནམ་གྲ་སྒྲིག་འགྱོ་འོང་ག་ཟེར་བའི་ལན་ལུ་ ནང་སྲིད་བློན་པོ་ ཟླ་བ་རྒྱལ་མཚན་གྱིས་ སྒྲིག་གཞི་གྲ་སྒྲིག་ཡོད་ཟེར་ཞུ་ཡི།
ཐོབ་ཐངས་སྒྲིག་གཞི་ནང་ དངུལ་གྱི་ལམ་ལུགས་དང་ ཐོབ་ཚད་ཡོད་མི་ལུ་བརྟེན་ སྒྲིག་གཞི་གཞན་དང་ མ་འདྲཝ་སྦེ་ཡོདཔ་ལས་ ལྷན་ཁག་དང་ ལྷན་རྒྱས་གཞུང་ཚོགས་ཀྱི་ཧོངས་ལས་ དེ་འཕྲོ་ལས་ ཐག་བཅད་མི་ཚུགས་ཟེར་ ནང་སྲིད་བློན་པོ་གིས་ ཞུ་ཡི།
སྒྲིག་གཞི་དེ་ཡང་ འབྲེལ་ཡོད་ལྷན་ཁག་ཚུ་དང་གཅིག་ཁར་ བསྟུན་གྲོས་འབད་ཐོག་ལས་ འཐུས་མི་ཚུ་གི་ ཐོབ་ཐངས་རིམ་པ་ཚུ་ཡང་ བཅའ་ཡིག་དང་འཁྲིལ་ ཧེ་མ་ལས་ར་ ཁ་གསལ་བཀོད་དེ་ བཟོ་ཡོད་ཟེར་ཨིནམ་ད་ ནང་སྲིད་བློན་པོ་གིས་འབད་བ་ཅིན་ རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལཝ་ད་ དངུལ་ཕོགས་དང་ འཐུས་ག་ཅི་ར་ཨིན་རུང་ དངུལ་ཕོགས་ལྷན་ཚོགས་བརྒྱུད་དེ་ གསུང་གྲོས་གནང་ཞིནམ་ལས་རྐྱངམ་གཅིག་ རྒྱལ་ཡོངས་ཚོགས་འདུ་ནང་ལས་ ཆ་འཇོག་འགྲུབ་དགོ་ཟེར་ཨིན་པས།
འཐུས་མི་བདེ་ཆེན་བཟང་མོ་གིས་ འཕྲལ་ཁམས་ཅིག་ཁར་ ས་གནས་གཞུང་གི་ ངལ་གསོའི་འཐུས་ཀྱི་སྐོར་ལས་ བཅའ་ཡིག་ གསུང་གྲོས་གནངམ་ད་ འཐུས་དེ་ བཅའ་ཁྲིམས་ནང་མ་གཏོགས་ སྒྲིག་གཞིའི་ནང་ ཚུད་དེ་མེད་མི་ལུ་བརྟེན་ སྟབས་མ་བདེཝ་བྱུང་ཡོདཔ་ལས་ སྒྲིག་གཞི་དེ་ ནམ་བསྐྱར་ཞིབ་འབད་ཚར་ནི་ཨིན་ན་དང་ བསྟར་སྤྱོད་ནམ་ལས་ འགོ་བཙུགས་ཚུགས་ནི་ཨིན་ན་ཟེར་ ཞུ་ཡི།
ནང་སྲིད་བློན་པོ་གིས་ སྒྲིག་གཞི་དེ་ གྲ་སྒྲིག་ཡོདཔ་ལས་ འཕྲལ་མགྱོགས་ར་ བསྟར་སྤྱོད་འབད་ནི་ཨིན་རུང་ ད་རེས་ ཆ་འཇོག་གྲུབ་མ་ཚུགས་མི་དེ་ དངུལ་ཕོགས་ལྷན་ཚོགས་ལུ་བརྟེན་ཨིན་ཟེར་ཞུ་ཡི།
གཞལམ་སྒང་པཱན་སྦང་གི་འཐུས་མི་ རྡོ་རྗེ་དབང་འདུས་ཀྱིས་ ཞུ་མིའི་ནང་ ས་གནས་གཞུང་གི་ ཐོབ་ཐངས་བཅའ་ཁྲིམས་དེ་ འདས་པའི་གཞུང་གིས་ ཟིན་བྲིས་བཀོད་དེ་ཡོད་རུང་ ད་རེས་ གཞུང་གིས་ ངོས་ལེན་མགྱོགས་དྲགས་ འབད་མ་བཏུབ་ལས་ ལྡོག་ཕྱོགས་ཁ་ཐུག་ལས་ ནན་བསྐྱར་དུ་ སླབ་མི་ལུ་བརྟེན་ བཙུགས་ནུག་ཟེར་ཨིན་པས།
ཁོ་གིས་ བཅའ་ཁྲིམས་དེ་ ལོ་༢ ལང་ཡོད་རུང་ སྒྲིག་གཞི་དེ་ གྲ་སྒྲིག་བཟོ་མ་ཚུགས་པས་ཟེར་ ཞུ་བའི་ཁར་ མ་གཞི་ སྒྲིག་གཞི་དེ་ ཧེ་མའི་ས་གནས་གཞུང་གི་ འགོ་དཔོན་ཚུ་ དགོངས་ཞུ་མ་འབད་བའི་ཧེ་མར་ བསྟར་སྤྱོད་ཐོག་ཁེ་ཕན་ཐོབ་དགོ་པའི་ ཞུ་བ་ཕུལ་རུང་ དེ་སྦེ་ར་ ལུགས་ནུག་ཟེར་ཞུ་ཡི།
ཕྱི་འབྲེལ་བློན་པོ་ དམ་ཆོས་རྡོ་རྗེ་གིས་ ཞུ་མིའི་ནང་ ས་གནས་གཞུང་གི་ ཐོབ་ཐངས་བཅའ་ཁྲིམས་དེ་ སྤྱི་ལོ་༢༠༡༥ ལུ་ ཆ་འཇོག་གྲུབ་ཡོདཔ་བཞིན་དུ་ བཅའ་ཁྲིམས་ནང་ ངལ་གསོའི་ཐོབ་ཐངས་ མ་འདྲཝ་ཁག་༥ བཀོད་དེ་ཡོད་ཟེར་ཨིན་པས།
མ་གཞི་ བཅའ་ཁྲིམས་ནང་ ངལ་གསོའི་འཐུས་དེ་ ཐོབ་སྦེ་འཁོད་ཡོད་རུང་ བཅའ་ཁྲིམས་ཆ་འཇོག་གྲུབ་པའི་ ཉིནམ་ལས་ ས་གནས་གཞུང་གི་ འགོ་དཔོན་ཚུ་གིས་ འཐུས་ཐོབ་དགོཔ་སྦེ་ འཁོད་དེ་མེད་ཟེར་ཞུ་ཡི།
བཅའ་ཡིག་དེ་ རྒྱལ་ཡོངས་ཚོགས་འདུ་ནང་ལས་ ཆ་འཇོག་གྲུབ་པའི་ཤུལ་ལུ་ རྒྱལ་ཡོངས་ཚོགས་སྡེའི་ནང་ གཏང་དགོཔ་མ་ཚད་ སྤྱི་ཚོགས་ལྷན་བཞུགས་ནང་ གསུང་གྲོས་གནང་ཞིནམ་ལས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ངོས་ལེན་མཛད་པའི་ཤུལ་ལས་ ཚོགས་དཔོན་གྱི་ མཚན་རྟགས་ཚུ་བཀོད་དེ་ ལྷན་ཁག་ལུ་ བཏང་བའི་བསྒང་ལས་ དུས་ཡུན་ལེ་ཤ་ འགོརཝ་མས་ཟེར་ཞུ་ཡི།
དེ་མ་ཚད་ ལྷན་ཁག་ནང་ ལྷོད་པའི་ཤུལ་ལས་ དེ་འཕྲོ་ལས་ ལག་ལེན་འཐབ་ནི་མེན་པར་ འབྲེལ་ཡོད་ལས་སྡེ་ དངུལ་རྩིས་ལྷན་ཁག་དང་ ས་གནས་གཞུང་ཚུ་དང་གཅིག་ཁར་ གྲོས་བསྟུན་འབད་དགོ་པས་ཟེར་ ཕྱི་འབྲེལ་བློན་པོ་གིས་ ཞུ་ཡི།
ས་གནས་གཞུང་གི་ ཐོབ་ཐངས་ཚུ་ བསྐྱར་ཞིབ་འབད་དགོཔ་ཐོན་ཡོདཔ་ལས་ ད་རུང་ གཞུང་གི་ཁ་ཐུག་ལས་ དངུལ་ཕོགས་ལྷན་ཚོགས་ཅིག་ གཞི་བཙུགས་འབད་ཡོདཔ་ད་ ས་གནས་གཞུང་གི་ ཐོབ་ཐངས་ཨིན་མི་ལུ་བརྟེན་ སྙན་ཞུ་ཚུ་ ག་བཟུམ་འཐོན་འོང་ག་དང་ བསྒྱུར་བཅོས་ག་བཟུམ་རྐྱབ་འོང་ག་ གཞུང་ལུ་ ཤེས་རྟོགས་མེདཔ་ལས་ ལྷན་ཚོགས་ཀྱི་ སྙན་ཞུ་མ་ལྷོད་ཚུན་ ལག་ལེན་འཐབ་མི་ཚུགས་པས་ཟེར་ བློན་པོ་དམ་ཆོས་རྡོ་རྗེ་གིས་ ཞུ་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

དངུལ་ཁང་ཚུ་གིས་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ ཆ་མེད་བཏང་དོ་ཡོདཔ།

༉ ལྟ་བཤལཔ་ཚུ་གིས་ ཚར་ལེ་ཤ་ཅིག་ཁར་ འབྲུག་ལུ་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ སྐྱོད་ཐམ་དང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ བཏབ་ནིའི་དོན་ལུ་ དཔའ་བཅམ་ཡོད་རུང་ བརྗེ་སོར་འབད་མི་བཏུབ་དོ་ཡོདཔ་ལས་ ལྟ་བཤལཔ་ཚུ་ རྣམ་རྟོག་ལང་རུང་ འབད་ཐབས་གཞན་མེདཔ་ཨིན་པས། རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ དངུལ་བརྒྱ་ཆ་༥༠ …

Leave a Reply

Your email address will not be published. Required fields are marked *