རྒྱལ་ཡོངས་ཚོགས་འདུའི་ནང་ རྒེད་འོག་ལྟེ་བའི་ སྣུམ་འཁོར་ལམ་ཚུ་ རྒྱུན་སྐྱོང་འཐབ་ནིའི་སྐོར་ལས་ གྲོས་བསྡུར་འབད་བའི་བསྒང་།

ས་གནས་གཞུང་གི་གནང་བྱིན་མ་དངུལ་ ཡར་སེང་འབད་ནི་སྦེ་ ཆ་འཇོག་གྲུབ་ཡོདཔ།

༉ རྒེད་འོག་ལྟེ་བའི་ སྣུམ་འཁོར་ལམ་ཚུ་ རྒྱུན་སྐྱོང་འཐབ་ནི་ལུ་ མི་སྟོབས་དང་འཕྲུལ་ཆས་ དེ་ལས་ མཁས་མཆོག་ཚུ་མེད་པའི་ དཀའ་ངལ་བྱུང་ནི་དེ་གིས་ ཧེ་མ་བཟུམ་སྦེ་ ལམ་སེལ་ལས་ཁུངས་ཀྱིས་ ལོག་རྩིས་ལེན་དགོ་པའི་ གྲོས་འདེབས་ཕུལ་མི་དེ་ལུ་ རྒྱབ་སྐྱོར་མེདཔ་ཨིན་པས།

དེ་ཡང་ ཁ་ཙ་ རྒྱལ་ཡོངས་ཚོགས་འདུའི་ནང་ སྐྱེངས་མཁར་-ཝེ་རིང་ལའི་འཐུས་མི་ རིག་འཛིན་རྒྱ་མཚོ་གིས་ རྒེད་འོག་ལྟེ་བའི་ སྣུམ་འཁོར་ལམ་ཚུ་ ཉམས་བཅོས་འབད་ནི་ལུ་ དཀའ་ངལ་ཡོདཔ་ལས་ ཉམས་བཅོས་འབད་ནིའི་ཐད་ཁར་ ཧེ་མ་བཟུམ་སྦེ་ར་ ལམ་སེལ་ལས་ཁུངས་ཀྱིས་ འགན་ཁུར་འབག་ནི་དང་ ཡང་ཅིན་ མ་དངུལ་ཡང་སེང་འབད་དགོ་པའི་ གྲོས་འདེབས་ཕུལ་ཡི།

ཨིན་རུང་ ཚོགས་ཁང་ནང་ གྲོས་དོན་དེ་གུ་ གསུང་གྲོས་རྒྱས་པར་གནང་པའི་ཤུལ་ལས་ གྲོས་དོན་དང་པའི་གུ་ རྒྱབ་སྐྱོར་ཡོད་མེད་ཀྱི་ ལགཔ་འཐུ་བཅུགཔ་ད་ གྱངས་ཁ་ཆོདཔ་ཅིག་ལས་བརྒལ་མེད་ནི་དེ་གིས་ ཚོགས་དཔོན་གྱིས་ གྲོས་འདེབས་དེ་ལུ་ རྒྱབ་སྐྱོར་འཐོབ་མ་ཚུགསཔ་ལས་ ས་གནས་གཞུང་གིས་ར་ འགན་ཁུར་འབག་དགོཔ་ཨིན་ཟེར་གསུངས་ཡི།

དེ་མིན་པ་ཅིན་ གྲོས་འདེབས་༢ པ་ ས་གནས་གཞུང་ཚུ་ལུ་ མ་དངུལ་ལངམ་སྦེ་ ཕུལ་དགོ་པའི་གྲོས་འདེབས་གུ་ ངོས་ལེན་ཡོད་ཟེར་བ་ཅིན་ ལག་འཐུ་བཅུག་པའི་སྐབས་ འཐུས་མི་༢༦ གིས་ རྒྱབ་སྐྱོར་ཕུལ་ཡོདཔ་ལས་ ས་གནས་གཞུང་ལུ་ མ་དངུལ་ལངམ་སྦེ་ བྱིན་དགོ་པའི་ ཆ་འཇོག་གྲུབ་ཨིན་ཟེར་ ཚོགས་དཔོན་གྱིས་ གསུངས་ཡི།

གྲོས་འདེབས་ཅིག་ཨིནམ་ལས་ ཚོགས་རྒྱན་བཙུགས་བཅུག་པའི་སྐབས་ ཚོགས་ཁང་ནང་ འཐུས་མི་༤༢ ཡོད་པའི་གྲས་ལས་ འཐུས་མི་༢༡ གིས་ དགོཔ་སྦེ་རྒྱབ་སྐྱོར་ཕུལཝ་ད་ འཐུས་མི་༡༨ ཀྱིས་ མི་དགོ་དང་ འཐུས་མི་༣ གྱིས་ འཛེམ་བཞུགས་ཡོདཔ་ད་ ཚོགས་དཔོན་གྱིས་གསུངས་མིའི་ནང་ ལམ་ཉམས་བཅོས་དང་ ལམ་བསལ་ནི་དེ་ ས་གནས་གཞུང་ལུ་ར་ བཞག་དགོ་པའི་ཁར་ མ་དངུལ་ལངམ་སྦེ་ ཕུལ་དགོཔ་ཨིན་ཟེར་ རྒྱལ་ཡོངས་ཚོགས་འདུ་གིས་ ཆ་འཇོག་གྲུབ་གནངམ་ཨིན་ཟེར་ཨིན་པས།

ཚོགས་དཔོན་དབང་ཕྱུག་རྣམ་རྒྱལ་གྱིས་ ཚོགས་དམངས་ལུ་ གསུངས་མིའི་ནང་ གཞུང་དང་ མི་སེར་ལུ་ ཕྱག་ཞུ་ནི་དེ་ ཁྲིམས་ཀྱི་ཐོག་ལས་འབད་དགོ་པ་ཅིན་ ཁྲིམས་གསརཔ་བརྩམ་ནི་དང་ འཕྲི་སྣོན་འབད་ནི་ཚུ་ཡང་ ཚོགས་ཁང་གིས་ མཛད་གནང་དོ་ཡོདཔ་ལས་ འཕྲལ་སྐབས་ སྲིད་བྱུས་ཀྱིས་འགྱུར་བ་དང་ དེ་གུ་ ཕན་རླབས་རེ་ཡོད་པ་ཅིན་ ཚོགས་ཁང་གི་འཐུས་མི་ཚུ་གིས་ འགན་ཁུར་ཡང་ཨིནམ་ལས་ གྲོས་དོན་ཐོག་ལས་ཡང་ མཛད་གནང་ནིའི་ལས་རིམ་ཡོད་ཟེར་ཨིན་པས།

གྲོས་དོན་ཕུལ་ནི་དེ་ ཁག་ཆེ་ཏོག་ཏོ་ཨིནམ་ལས་ འཐུས་མི་ཚུ་གིས་ གོ་སྐབས་ལེན་ཞིནམ་ལས་ གྲོས་དོན་ཕུལ་དགོཔ་གལ་ཆེ་ཟེར་གསུངས་ཡི།

དེ་བཞིན་དུ་ རིན་འཛིན་རྒྱ་མཚོ་གིས་ རྒེད་འོག་ལྟེ་བའི་འགྲུལ་འཁོར་ལམ་ཚུ་ ལམ་སེལ་ལས་ཁུངས་ཀྱིས་ འཛིན་སྐྱོང་འཐབ་དགོ་པའི་ གྲོས་དོན་ཕུལཝ་ཨིན་པས།

འཐུས་མི་གིས་ གྲོས་དོན་ཕུལ་དགོ་པའི་ཞིབ་རྟོག་དེ་ཡང་ རྒྱལ་ཁབ་ཀྱི་ དཔལ་འབྱོར་ཡར་རྒྱས་ཀྱི་རྩ་བ་དེ་ འགྲུལ་འཁོར་ལམ་དེ་ཨིནམ་ལས་ དཔལ་འབྱོར་གོང་འཕེལ་དང་ ཚོང་འབྲེལ་དང་སྐྱེལ་འདྲེན་ཚུ་ གོང་འཕེལ་གཏང་ཚུགས་པས་ཟེར་ཞུ་ཡི།

ད་ལྟོ་ཚུན་ རྒྱལ་ཁབ་ནང་ སྤྱིར་སྙོམས་ལུ་ འཁོར་ལམ་ཀི་ལོ་མི་ཊར་༢༡,༠༠༠ དེ་ཅིག་ བསལ་ཡོདཔ་ད་ ལམ་གྱི་བཅའ་ཁྲིམས་༢༠༠༤ ཅན་མའི་ དགོངས་དོན་དང་འཁྲིལ་བ་ཅིན་ ལམ་དབྱེ་ཁག་༤ ཡོད་མི་ཚུ་ཡང་ གཞུང་ལམ་༡ པ་དང་ གཞུང་ལམ་༢ པ་ རྒེད་འོག་ལྟེ་བའི་ལམ་ དེ་ལས་ སོ་ནམ་ཞིང་ལམ་ཚུ་འདུག་ཟེར་ཨིན་པས།

སྤྱི་ལོ་༢༠༠༨ ལས་༢༠༡༣ བར་ན་ སྔར་ལས་ཡོད་པའི་ གཞུང་ལམ་ཚུ་ ཕྲང་ལམ་དང་ མགྱོགས་ལམ་ དེ་ལས་ ལམ་གསརཔ་མང་རབས་ཅིག་བཏོན་ཡོདཔ་ལས་ ཤར་ཇོ་མོ་གཙང་ཁ་ལས་ ནུབ་སིབ་སུ་ཚུན་ཚོད་ཀྱི་ལམ་ མཐུད་སྦྲེལ་འབད་བའི་ཁར་ རྒེད་འོག་ལྟེ་བ་༡༦༦ གི་ ལམ་བསལ་མི་ཚ་ག་ར་བསྡོམས་ད་ ཀི་ལོ་མི་ཊར་༥,༠༠༠ ལྷགཔ་ཅིག་ བསལ་ནུག་ཟེར་ཨིན་པས།

གཞུང་༢ པའི་སྐབས་ ཡོངས་བསྡོམས་ལམ་ ཀི་ལོ་མི་ཊར་༢,༥༠༠ དེ་ཅིག་ གསརཔ་བཏོན་ཏེ་ གྲུབ་འབྲས་ཡང་ བཏོན་གནངམ་མ་ཚད་ ད་ལྟོའི་གཞུང་གིས་ རྒེད་འོག་ལྟེ་བའི་ལམ་༢༨ དེ་ཅིག་ བསལ་ནིའི་ལཱ་ཚུ་ འཕྲོ་མཐུད་མཛད་གནང་པའི་བསྒང་འདུག་ཟེར་ཨིན་པས།

ཧེ་མའི་ སྲོལ་ལས་འབད་བ་ཅིན་ རྒེད་འོག་ལྟེ་བའི་ལམ་ཚུ་ ཞབས་ཏོག་ལྷན་ཁག་འོག་གི་ ལམ་སེལ་ལས་ཁུངས་ཀྱིས་ འཛིན་སྐྱོང་འཐབ་དོ་ཡོདཔ་ལས་ ལམ་གྱི་འཆར་གཞི་དང་ བཟོ་བཀོད་འབད་ནི་ སྔོན་རྩིས་བཏོན་ནི་དང་ རིན་བསྡུར་འགོ་འདྲེན་འཐབ་ནི་ མཁོ་སྒྲུབ་འབད་ནི་ དེ་ལས་ འཛིན་སྐྱོང་གི་འཆར་གཞི་དང་ སྒྲིག་བཀོད་ལམ་སྟོན་ཚུ་ འབད་ནིའི་ འགན་ཁུར་འབག་ནུག་ཟེར་ འཐུས་མི་གིས་ཞུ་ཡི།

དེ་མ་ཚད་ གནམ་བྱཱར་དགུན་མེད་པར་ འཁོར་ལམ་གུ་ལས་ཕར་ སྣུམ་འཁོར་ཚུ་ འགྲོ་འགྲུལ་འབད་ཚུགསཔ་སྦེ་ ཞབས་ཏོག་ཞུ་ཐབས་ལུ་ ཉམས་བཅོས་འབད་ནི་དང་ རྒྱལ་ཡོངས་ལས་མི་ཚུ་བཙུགས་ཏེ་ ཕྱག་ཞུ་བའི་བར་ན་ ད་ལྟོའི་ གཞུང་༣ པའི་སྐབས་ སྲིད་བྱུས་ཀྱི་འགྱུར་བ་ལུ་བརྟེན་ དཀའ་ངལ་ཐོན་པའི་ ཞིབ་རྟོག་བྱུང་ཡི་ཟེར་ རིན་འཛིན་རྒྱ་མཚོ་གིས་ཞུ་ཡི།

དཀའ་ངལ་དེ་ཡང་ རྫོང་ཁག་མང་ཤོས་ཅིག་ནང་ ལམ་གྱི་རིང་ཚད་འབད་བ་ཅིན་ ཀི་ལོ་མི་ཊར་ལས་བཅད་དེ་ཡོད་མི་ཚུ་ ཁྱབ་མ་ཚུགས་པའི་དཀའ་ངལ་དང་ རྒེད་འོག་ནང་ མ་དངུལ་འབོར་ཆེ་ཏོག་ཏོ་སྦེ་ མེད་མི་ཚུ་འདུག་ཟེར་ཨིན་པས།

རྒྱལ་ཡོངས་ལས་མིའི་ ལཱ་འབད་མི་ཚུ་ ད་རེས་ག་ར་ ལོག་བསྡུ་བའི་ལོ་རྒྱུས་དང་ ཧེ་མ་ལས་ རྩི་ནག་བཏང་མི་ཚུ་ ལོག་ཉམས་བཅོས་འབད་མ་ཚུགས་མི་ ད་རེས་ཀྱི་གནས་སྟངས་ནང་ རྒེད་འོག་རེའི་ནང་འཁོད་ལུ་ ཀི་ལོ་མི་ཊར་རེ་ལུ་ མ་དངུལ་ དངུལ་ཀྲམ་༣༠,༠༠༠ ལས་བརྒལ་མེདཔ་ལས་ ལང་མ་ཚུགས་པའི་དཀའ་ངལ་ཚུ་ བྱུང་སྟེ་འདུག་ཟེར་ཞུ་ཡི།

གཞན་དལ་གཞི་འབད་བ་ཅིན་ འདས་པའི་གཞུང་གིས་འབད་མིའི་གུ་ ཤུལ་མམ་གི་ གཞུང་ཚུ་གིས་ འཕྲོ་མཐུད་ཕྱག་ལཱ་གནང་དགོཔ་ད་ ད་ལྟོའི་ གཞུང་གི་སྐབས་ སྲིུད་བྱུས་འགྱུར་མི་ལུ་བརྟེན་ གཞུང་གི་ཕྱག་ལཱ་གནང་མི་དང་ མི་སེར་གྱི་རེ་བ་༢ དུམ་གྲ་ཅིག་ རྟགས་མཐུན་མ་ཚུགས་པའི་ དཀའ་ངལ་བྱུང་ཡི་ཟེར་ཨིན་པས།

འཐུས་མི་གིས་ ཞུ་མིའི་ནང་ སྲིད་བྱུས་འགྱུར་བ་འབད་དགོ་པའི་ གྲོས་དོན་དེ་ཡང་ དུས་ད་ལྟོ་དང་ འདས་པའི་ལོ་ངོ་དག་པ་ཅིག་གི་ ཉམས་མྱོང་དང་འཁྲིལ་ མ་འོངས་པའི་ནང་ གཞུང་ལུ་ ཟད་འགྲོ་འཕྲོ་བརླག་མེདཔ་ཅིག་དང་ སྒྲིག་གཞི་ལམ་ལུགས་གུ་ གནས་ཚུགསཔ་ཅིག་ སྤུས་ཚད་དང་ལྡནམ་ མི་སེར་ལུ་ཡང་ དཀའ་ངལ་མི་འཐོན་ནིའི་དོན་ལུ་ གྲོས་འདེབས་ཕུལ་ནི་ཨིན་ཟེར་ཨིན་པས།

ཨ་རྟག་ག་ཨིནམ་སྦེ་ རྒེད་འོག་ལྟེ་བའི་འགྲུལ་འཁོར་ལམ་དེ་ ལམ་སེལ་ལས་ཁུངས་ཀྱིས་ ལོག་སྟེ་ར་ རྩིས་བཞེས་གནང་སྟེ་ འཛིན་སྐྱོང་འཐབ་དགོ་པའི་གྲོས་འདེབས་དང་ གལ་སྲིད་ ཚོགས་དམངས་ཀྱིས་ གྲོས་དོན་དང་པ་ལུ་ ཡིད་ཆེས་འདྲོངས་མ་ཚུགས་པ་ཅིན་ ས་གནས་གཞུང་ལུ་ གནང་བྱིན་མ་དངུལ་ཚུ་ ཡར་སེང་འབད་དགོ་པའི་གྲོས་འདེབས་ཨིན་ཟེར་ འཐུས་མི་རིན་འཛིན་རྒྱ་མཚོ་གིས་ ཞུ་ཡི།

དགྲ་མེད་རྩེ་སྔ་ཚང་གི་འཐུས་མི་ ཨྱོན་དབང་འདུས་ཀྱིས་ ཞུ་མིའི་ནང་ ཧེ་མར་ ལམ་སེལ་ལས་ཁུངས་ཀྱིས་ བདག་འཛིན་འཐབ་པའི་སྐབས་ དཀའ་ངལ་སྦོམ་ཐོན་པའི་ལོ་རྒྱུས་མེད་པའི་ཁར་ ད་རེས་ནངས་པར་ རྐྱེན་ངན་འཐོན་པ་ཅིན་ རྒེད་འོག་གིས་ འབད་མ་ཚུགསཔ་ལས་ རྐྱེན་ངན་འཛིན་སྐྱོང་དང་ ལམ་སེལ་ལས་ཁུངས་ཀྱིས་ རྒྱབ་སྐྱོར་ལེན་ནི་འདུག་ཟེར་ཨིན་པས།

ཧེ་མ་འབད་བ་ཅིན་ ལམ་སེལ་ལས་ཁུངས་ཀྱིས་ ཉིན་བསྟར་གྱི་ རྒྱུན་སྐྱོང་འཐབ་ཡོད་རུང་ ད་རེས་ནངས་པར་ ལས་མི་ཚུ་ མེདཔ་མ་ཚད་ རྒེད་འོག་ལུ་ མ་དངུལ་ཚད་ཅིག་ལས་བརྒལ་མེདཔ་ལས་ གཙོ་རིམ་བསྒྲིག་ཏེ་ གནང་མི་ལུ་བརྟེན་ མ་དངུལ་མ་ལང་པར་འདུག་ཟེར་ཞུ་ཡི།

ལས་མི་མེད་པའི་བསྒང་ལས་ གྲོང་གསེབ་ཀྱི་མི་སེར་ཚུ་ འུར་ལཱ་རྒྱུག་པར་ འོང་དགོཔ་འབདཝ་ད་ མི་སེར་ཚུ་ལུ་ཡང་ དཀའ་ངལ་འདུག་ཟེར་ཞུ་ཡི།

སོ་ནམ་དང་ནགས་ཚལ་བློན་པོ་ ཡེ་ཤེས་དཔལ་འབྱོར་གྱིས་ ཞུ་མིའི་ནང་ ཡུན་བརྟན་གོང་འཕེལ་སྲིད་བྱུས་གུ་ གསུང་གྲོས་མང་རབས་ཅིག་གནང་ཡོདཔ་བཞིན་དུ་ ཧེ་མར་ དབང་ཚད་ཕྱིར་སྤེལ་ལམ་ལུགས་དང་འཁྲིལ་ གཞུང་ལྟེ་བ་གིས་ དབང་ཚད་དེ་ ས་གནས་གཞུང་ལུ་གནང་ཡི་ཟེར་ཨིན་པས།

གཞི་འགྱུར་དང་འཁྲིལ་ ལམ་སེལ་ལས་ཁུངས་དེ་ བཟོ་སྐྲུན་དང་ ལས་སྡེ་ག་དེ་སྦེ་འགྱུར་རུང་ མཁས་མཆོག་གི་ རྒྱབ་སྐྱོར་ཕུལ་ནི་མ་གཏོགས་ དབང་ཚད་ཚུར་ལེན་ནི་མེན་པར་ མི་སེར་དང་ ས་གནས་གཞུང་ལུ་ར་བཞག་པ་ཅིན་ དྲག་ཟེར་ བློན་པོ་གིས་ཞུ་ཡི།

ཞབས་ཏོག་བློན་པོ་ རྡོ་རྗེ་ཚེ་རིང་གིས་ ཞུ་མིའི་ནང་ འབྲུག་ལུ་ བརྒྱ་ཆ་༩༩ ས་ཐོག་གི་ འགྲུལ་སྤྱོད་ལམ་ཨིནམ་ལས་ ལམ་དེ་ཁག་ཆེ་རུང་ རྒེད་འོག་ལྟེ་བའི་ལམ་ཚུ་ རྩི་ནག་གཏང་གེ་ཟེར་བའི་སྐབས་ ས་གནས་གཞུང་ལུ་ མི་སྟོབས་ལངམ་སྦེ་མེདཔ་ལས་ ས་གནས་གཞུང་གིས་ ལམ་སེལ་ལས་ཁུངས་ལུ་ ཞུ་བའི་ཁར་ རྫོང་ཁག་དང་ རྒེད་འོག་མང་ཤོས་ཅིག་གིས་ རྩི་ནག་བཏང་ཞིནམ་ལས་ ལོག་སྤྲོད་དགོཔ་སྦེ་ ཞུ་བ་ལྷོད་ནི་ཡོད་ཟེར་ཨིན་པས།

ལམ་སེལ་ལས་ཁུངས་ལུ་ དབང་ཚད་སྤྲོད་ནིའི་ གྲོས་འདེབས་ལེགས་ཤོམ་ཡོད་རུང་ དུས་ཀྱི་འཕོ་འགྱུར་བ་དང་འཁྲིལ་ གཞི་སྒྱུར་དང་ ལེགས་སྒྱུར་གྱི་སྲིད་བྱུས་དང་བསྟུནམ་ད་ ལམ་སེལ་ལས་ཁུངས་ཟེར་མི་དེ་ མི་འོང་ནི་དང་ དེ་ཡང་ བསྟན་རྒྱས་ལྷན་ཁག་དང་ སོ་ནམ་དང་ནགས་ཚལ་ལྷན་ཁག་ དེ་ལས་ ཤེས་རིག་ལྷན་ཁག་འོག་ལུ་ཡོད་པའི་ བཟོ་རིག་སྡེ་ཚན་ནང་ གཅིག་བསྡོམས་རྐྱབ་སྟེ་ འོང་ནི་ཨིན་ཟེར་ཨིན་པས།

དེ་ཡང་ གཞི་རྟེན་མཁོ་ཆས་དང་ སྐྱེལ་འདྲེན་ལྷན་ཁག་འོག་ལུ་ ས་ཐོག་སྐྱེལ་འདྲེན་ཞབས་ཏོག་ལས་ཁུངས་ཀྱིས་ བལྟ་ནི་ཨིནམ་ལས་ གྲོས་དོན་ལུ་ རྒྱབ་སྐྱོར་མེདཔ་སྦེ་ཞུ་ཡི།

ས་གནས་གཞུང་གི་ དབང་ཚད་ཕྱིར་སྤེལ་ལུ་ རྒྱབ་སྐྱོར་ཕུལ་ཡོད་རུང་ མ་དངུལ་དང་ མི་སྟོབས་ ལམ་བདའ་འཛིན་འཐབ་ནི་ལུ་ མ་དངུལ་མེདཔ་ལས་ ས་གནས་གཞུང་ལྟེ་བའི་ནང་ དཀའ་ངལ་འཐོན་དོ་ཟེར་ ཇོ་མོ་གཙང་ཁ་འདེམས་ཁོངས་ཀྱི་འཐུས་མི་ ནོར་བུ་དབང་འཛོམས་ཀྱིས་ཞུ་ཡི།

ལམ་གོང་དབང་ལྕང་གི་འཐུས་མི་ ཨྱོན་ཚེ་རིང་གིས་ ཞུ་མིའི་ནང་ ས་གནས་གཞུང་གི་དབང་ཚད་དང་འཁྲིལ་ འབད་མི་དེ་ ད་རེས་ ལོག་སྟེ་ར་ གཞུང་གིས་ བཞེས་དགོ་པའི་ གྲོས་འདེབས་ཕུལ་མི་ལུ་ རྒྱབ་སྐྱོར་མེད་ཟེར་ཨིན་པས།

ས་གནས་གཞུང་ལྕོགས་གྲུབ་ཡོདཔ་སྦེ་ འཆར་དངུལ་དང་ གསུང་གྲོས་གནང་སྟེ་ ཚོགས་ཁང་ནང་ར་ རྒྱབ་སྐྱོར་ཕུལ་ཡོདཔ་ལས་ ད་རེས་ གཞུང་གི་གནས་ཡུན་ལོ་༡ ལས་བརྒལ་མེདཔ་ལས་ འབད་མི་ཚུགས་པས་ཟེར་ གསུང་གྲོས་ག་དེ་སྦེ་ཡང་ ཚོགས་ཁང་ནང་ གནང་ནི་འདུག་ཟེར་ ཁོ་གིས་ཞུ་ཡི།

ལྡོག་ཕྱོགས་འགོ་ཁྲིདཔ་ རྡོ་རྗེ་དབང་འདུས་ཀྱིས་ ཞུ་མིའི་ནང་ ས་གནས་གཞུང་ལུ་ ཕན་ཐོགས་འབྱུང་ནིའི་དོན་ལས་ ལྡོག་ཕྱོགས་ཀྱིས་ གྲོས་འདེབས་ཕུལ་ཡི་ཟེར་ཨིན་པས།

དཀའ་ངལ་དེ་ འགྲུལ་འཁོར་ལམ་ཀི་ལོ་མི་ཊར་རེ་ལུ་ དངུལ་ཀྲམ་༣༠,༠༠༠ གིས་ ལོ་༡ ལམ་བསལ་ནི་དང་ ཉམས་བཅོས་འབད་ནི་ལུ་ མ་ལང་པའི་དཀའ་ངལ་འདུག་ཟེར་ཨིན་པས།

ལམ་ཀི་ལོ་མི་ཊར་༢༠ ལུ་ མ་དངུལ་ དངུལ་ཀྲམ་༦༠༠,༠༠༠ གིས་ ལང་མ་ཚུགས་པའི་དཀའ་ངལ་ཡོདཔ་ལས་ རྒེད་འོག་གི་ལམ་ ཉམས་བཅོས་འབདཝ་ད་ ལཱ་ཁག་རྐྱབ་མས་ཟེར་ཨིན་པས།

མ་གཞི་ ལམ་སེལ་ལས་ཁུངས་ལུ་ རྩིས་སྤྲོད་འབད་མི་དེ་ མི་སྟོབས་ཀྱི་མཁས་མཆོག་དང་ འཕྲུལ་ཆས་ཚུ་ ག་ར་ཡོད་མི་ལུ་བརྟེན་ཨིན་ཟེར་ཞུ་ཡི།

གཞི་སྒྱུར་ནང་ མིང་ག་དེ་སྦེ་བཏགས་རུང་ ལས་ཁུངས་དེ་ ག་དེ་སྦེ་ཨིན་རུང་ གཞུང་གིས་ཡང་ འབད་ནི་ཡོདཔ་ཅིག་སྦེ་ཞུ་ཡི།

བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ ཞུ་མིའི་ནང་ སྲིད་བྱུས་ཚུ་ ག་ནི་ཡང་ སོར་སོཔ་མེདཔ་ལས་ གཞུང་ལྟེ་བ་གིས་ རྩིས་བཞེས་ནི་དང་ དེ་མིན་ མ་དངུལ་ལངམ་སྦེ་ བྱིན་དགོ་པའི་གྲོས་འབུལ་ཕུལ་མི་ལུ་ རྒྱབ་སྐྱོར་ཕུལ་མི་ཚུགས་ཟེར་ཨིན་པས།

གྲོས་འདེབས་དེ་༢ གུ་ གསུང་གྲོས་རྒྱས་པར་གནང་པའི་ཤུལ་ལས་ ཆ་འཇོག་གྲུབ་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

ཐིམ་ཕུག་ལུ་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་རྐྱབ་ནིའི་ ས་སླང་རྟེནའབྲེལ།

༉ སྤྱི་ལོ་༢༠༢༥ འི་ ལོ་མཇུག་བསྡུ་ཁམས་ལས་ ཐིམ་ཕུག་གི་ ཆུ་རྩལ་རྐྱབ་སའི་ ས་ཁོངས་ནང་སྦེ་ རྒྱལ་ཁབ་ནང་ ཊའི་ཀཱོན་ཌོ་རྩེད་རིགས་ལུ་ དགའ་མི་ཚུ་གིས་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་ མཐོང་ཚུགས་ནི་ཨིན་པས། དེ་ཡང་ ཁ་ཙ་ …

Leave a Reply

Your email address will not be published. Required fields are marked *