ས་གནས་ཀྱི་ སྒྱུ་རྩལ་དང་ ལུགས་སྲོལ་ཚུ་ སྲུང་འཛིན་དང་ ཞིབ་འཚོལ་འབད་དགོཔ།

༉ འབྲུག་གི་ སྲོལ་རྒྱུན་གྱི་ ལམ་སྲོལ་དང་ ལམ་ལུགས་ཚུ་ ང་བཅས་རའི་ ངོ་རྟགས་བཟང་པོ་ཅིག་ཨིནམ་ལས་ སྔར་སྲོལ་ལམ་ལུགས་ བདག་འཛིན་འཐབ་སྟེ་ དཔའ་ཉམས་དང་བཅས་ ཉམས་སྲུང་འབད་ནིའི་ འགན་ཁུར་འདི་ འབྲུག་མི་ཡོངས་ལུ་ཕོགཔ་ཨིན།
འགན་ཁུར་འདི་ཡང་ འབྲུག་གི་རྩ་ཁྲིམས་ཆེན་མོ་གིས་ འབྲུག་པའི་མི་སེར་ཚུ་ལུ་ གནང་སྟེ་ཡོདཔ་ ང་བཅས་ག་ར་གི་ མཁྱེན་གསལ་ལུ་ཡོད།
རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལཝ་ད་ རྒྱལ་ཁམས་ཀྱིས་ མི་སྡེ་དང་ མི་སེར་གྱི་ ལམ་སྲོལ་འཚོ་བ་འབྱོར་ཐབས་ལུ་ དྲན་རྟེན་དང་ སྒྱུ་རྩལ་ ཡང་ཅིན་ རྒྱལ་རབས་ཅན་གྱི་ ས་ཁོངས་དང་ ང་དངོས་ རྫོང་གཞིས་ ལྷ་ཁང་ དགོན་སྡེ་ རྟེན་གསུམ་ གནས་ སྐད་ཡིག་ རྩོམ་རིག་ སྒྲ་དབྱང་ མཐོང་སྣང་གི་སྒྱུ་རྩལ་ ཆོས་ལུགས་བརྩིས་པའི་ རྒྱལ་ཁབ་ཀྱི་ སྲོལ་རྒྱུན་གྱི་ ལམ་སྲོལ་འདི་ གཉུས་སྲུང་དང་ ཉེན་སྐྱོབ་ ཡར་སྤེལ་དོན་ལུ་ བརྩོན་ཤུགས་བསྐྱེད་དགོཔ་ཨིན།
དེ་མ་ཚད་ རྒྱལ་ཁམས་ཀྱིས་ ལམ་སྲོལ་འདི་ འཕོ་འགྱུར་ཆེ་བའི་ ནུས་ཤུགས་ཅན་ཅིག་ཨིན་པའི་ ངོས་འཛིན་འབད་ནི་དང་ འཕོ་འགྱུར་དང་ རྒྱུན་ཆད་མེད་པའི་ སྔར་སྲོལ་གྱི་ ཁྱད་ཆོས་དང་ གཙུག་སྡེ་ཚུ་ ཡར་འཕེལ་ཅན་གྱི་ མི་སྡེ་གཅིག་སྦེ་ ཡུན་བརྟན་ཚུགས་པའི་ མཐའ་བཙན་དང་ ཕན་འདེབས་ལུ་ བརྩོན་ཤུགས་བསྐྱེད་དགོ་ཟེར་ རྩ་ཁྲིམས་ཆེན་མོའི་ནང་ འཁོད་དེ་ཡོད།
མ་གཞི་ སྤྱིར་བཏང་རྒྱལ་ཁབ་ཀྱི་ ལམ་ལུགས་སྲོལ་ཚུ་ རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ སྲུང་འཛིན་དང་ ཡར་སྤེལ་བཏང་བཞིན་དུ་ཡོད་རུང་ རྫོང་ཁག་སོ་སོའི་ གཡུས་སྒོ་ཚུ་ནང་ ཕ་བརྒྱུད་བུ་བརྒྱུད་སྦེ་ ལག་ལེན་འཐབ་མི་ ལུགས་སྲོལ་དང་ ཁ་སྐད་ གཡུས་ལྷ་གསོལ་ནི་ རང་ལུགས་ཀྱི་ཞབས་ཁྲ་ལ་སོགས་པ་ཚུ་ བདག་འཛིན་འཐབ་མི་མེད་པར་ ཡལ་ཉམས་འགྱོ་བའི་ བརྡ་མཚོན་སྟོནམ་ཨིན་མས།
དཔེར་ན་ མགར་ས་རྫོང་ཁག་ ལ་ཡ་དང་ བཀྲིས་སྒང་རྫོང་ཁག་ མེ་རག་སག་སྟེང་ལུ་སྡོད་མི་ ལ་མཐོ་སའི་ མི་སྡེའི་ནང་ རང་ལུགས་ཀྱི་གྱོན་ཆས་དང་ ཐགས་རིགས་ཚུ་ དུས་སྟོན་སྐབས་ལུ་ གྱོན་ནི་ཡོདཔ་མ་གཏོགས་ དུས་ཚོད་གཞན་ཚུ་ནང་ ནང་འདྲེན་འབད་བའི་གྱོན་ཆས་ དོརམ་ཁེན་འཇར་གྱོན་སྡོད་མི་ལུ་ བལྟ་བ་ཅིན་ ཁོང་རའི་ ལུགས་སྲོལ་ཡལ་ཉམས་འགྱོ་བའི་ བརྡ་མཚོན་སྟོནམ་མས།
ད་རུང་ ལ་ཡ་ལུང་གཤོང་ནང་ མཐུན་མོང་མ་ཡིན་པའི་ ཁྱད་ཆོས་ཅིག་ཨིན་མི་ འབོད་ལོ་དང་ཆ་འདྲཝ་སྦེ་ཡོད་མི་ ཀོང་ཞྭ་ཚུ་ཡང་ དུས་ཚོད་ཁྱད་པར་ཅན་གྱི་སྐབས་ལུ་མ་གཏོགས་ གྱོན་སྲོལ་མེདཔ་མ་ཚད་ གྱོན་རུང་ རྒན་རྒས་རྐྱངམ་གཅིག་གིས་ གྱོན་དོ་ཡོདཔ་ལས་ ཁོང་གི་ལུགས་སྲོལ་དང་ ལམ་སྲོལ་ལུ་ གོང་འཕེལ་གྱི་ འགྱུར་བ་དང་བསྟུན་ ཐོ་ཕོགཔ་ཨིན་མས།
དེ་བཟུམ་སྦེ་ བསམ་རྩེ་རྫོང་ཁག་གི་ མཐའ་ཟུར་ས་གནས་ ལྷོ་ཏུ་ཀུ་ཅུ་འཇིགས་མེད་དང་ ལྷོ་ཏོ་ཀུ་ཅུ་སེངྒེ་གཡུས་ཚན་༢ ཀྱི་ ལྷོཔ་མི་སྡེ་ལུ་ ཁོང་རའི་ རང་ལུགས་ཀྱི་ཞབས་ཁྲ་ ཉམས་སྲུང་དང་ ཡར་སྤེལ་གྱི་དོན་ལུ་ གདོང་ལེན་བྱུང་སྟེ་ཡོདཔ་ལས་ གལ་སྲིད་ བར་ཞུགས་ཐོག་ ཉམས་སྲུང་འབད་ནིའི་ ཐབས་ལམ་མ་བཏོན་པ་ཅིན་ ལྷོཔ་ཚུ་གི་ ངོ་རྟགས་དང་ ལུགས་སྲོལ་ཡལ་ཉམས་འགྱོ་ནི་གི་ ཉེན་ཁ་སྦོམ་ཡོདཔ་ཨིན་པས།
ལྷོཔ་ཚུ་གི་ ཚ་གྱང་སྦོམ་ཤོས་ར་ ད་རེས་ནངས་པའི་ ན་གཞོན་ཚུ་གིས་ ཞབས་ཁྲ་ལུ་ སྤྲོ་བ་མེད་པར་ ལྷབ་མ་བཏུབ་ནི་དེ་གིས་ ད་ལྟོ་ཡོད་མི་ མི་རབས་མཇུག་བསྡུ་བའི་བསྒང་ལས་ ལོ་རྒྱུས་རྐྱངམ་གཅིག་ལུས་ནི་ཡོདཔ་ད་ ད་ལྟོ་ ལྷོཔ་གི་ཞབས་ཁྲ་འཐེན་མི་དག་པ་ཅིག་ལས་བརྒལ་ མེད་མིའི་གྲས་ལས་༡ སྐྱེས་ལོ་༡༠༠ ལང་མི་ སི་ཏ་ལ་ཨིནམ་བཞིན་དུ་ ཁོ་ཡང་ ལྷོ་པའི་ཞབས་ཁྲ་ཚུ་ འགྲོས་ཀྱིས་བཏང་སྟེ་ ཉམས་འགྱོ་དོ་ཡོད་པའི་ མཐོང་སྣང་བྱུངམ་མས་ཟེར་ སླབ་ནི་འདུག།
འདི་བཟུམ་མའི་ གནས་སྟངས་ཚུ་ལུ་ལྟཝ་ད་ རྒྱལ་ཁབ་ཀྱི་ ས་གནས་ཁག་སོ་སོའི་ ལམ་ལུགས་སྲོལ་ཚུ་ མི་ཉམས་གོང་འཕེལ་དང་ ཉམས་པ་སོར་ཆུད་ཀྱི་དོན་ལུ་ འབྲེལ་ཡོད་དབང་འཛིན་ དཔེར་ན་ ལམ་སྲོལ་ལས་ཁུངས་ཀྱི་ ཁ་ཐུག་ལས་ ཞིབ་འཇུག་འབད་དགོཔ་ཡོད་མི་དེ་ཡང་ རྩ་ཁྲིམས་ཆེན་མོའི་ནང་ རྒྱལ་ཁམས་ཀྱིས་ ས་གནས་ཀྱི་ སྒྱུ་རྩལ་དང་ ལུགས་སྲོལ་ ཤེས་བྱ་ ལམ་སྲོལ་ཚུ་ སྲུང་འཛིན་དང་ ཞིབ་འཚོལ་གྱི་ བློ་བསྐུལ་འབད་དགོ་ཟེར་ འགན་འཁྲི་གནང་ཡོད་མི་ལུ་བརྟེན་ཨིན།

About admin

Check Also

སྐྱེས་ལོ་༡༢ ཡན་ཆད་འབད་མི་ བུམོ་ཅིག་གིས་ ཨ་ལོ་སྐྱེས་ཡོདཔ།

༉ སྐྱེས་ལོ་༡༢ ཡན་ཆད་འབད་མི་ བུམོ་ཅིག་གིས་ ཨ་ལོ་སྐྱེས་ཡོད་མི་དེ་ལུ་ ཐིམ་ཕུག་ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་བའི་ཤུལ་ལས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ སྙན་ཞུ་འབད་མི་དེ་ ད་རེས་ནངས་པར་ ཁྲིམས་འདུན་ལུ་ རྩོད་བཤེར་འབད་བའི་བསྒང་ཨིན་པས། དེ་ཡང་ བུམོ་ཅིག་གིས་ སྤྱི་ལོ་༢༠༢༢ …

Leave a Reply

Your email address will not be published. Required fields are marked *