༉ རང་ཟླ་བཞི་པ་འདི་ སྟོན་པ་རྫོགས་པའི་སངས་རྒྱས་ཀྱི་ དུས་ཆེན་ལྔ་འཛོམས་འབདཝ་ལས་ ས་ག་ཟླ་བ་ཟེར་ དུས་ཆེན་ཁྱད་པར་ཅན་ཅིག་སྦེ་ བརྩི་སྲུང་འབདཝ་ཨིན།
དེ་ཡང་ དང་པ་ ལྷུམས་སུ་བཞུགས་པའི་དུས་ཆེན་དེ་ བདག་ཅག་གི་སྟོན་པ་ སྐུ་ཕྲེང་འདི་གི་ཧེ་མར་ དགའ་ལྡན་ལྷ་ཡུལ་ལུ་ ལྷའི་བུ་དམ་པ་ཏོག་དཀར་པོ་ལུ་ སྐུ་སྐྱེས་བཞེས་ཏེ་ ལྷ་ཚུ་ལུ་ ཆོས་ཀྱི་འཁོར་ལོ་ བསྐོར་བཞུགས་པའི་སྐབས་ ཧེ་མར་ སངས་རྒྱས་མར་མེ་མཛད་ཀྱིས་ ལུང་བསྟན་གནང་མི་དེ་ རྗེས་སུ་དྲན་ཐོག་ལས་ མ་འོངས་སངས་རྒྱས་ འཕགས་པ་བྱམས་པ་མགོན་པོ་ཁོ་རའི་ སྐུ་ཚབ་སྦེ་ བསྐོས་གནང་ཞིནམ་ལས་ ལྷོ་ཕྱོགས་འཛམ་བུ་གླིང་ལུ་ ཤཱཀྱའི་རིགས་ཀྱི་ ཡབ་རྒྱལ་པོ་ཟས་གཙང་དང་ ཡུམ་སྒྱུ་མ་ལྷ་མཛེས་༢ ཀྱི་སྲས་སྦེ་ སྐྱེ་བ་བཞེས་ནིའི་ ཐུགས་བཞེད་གནང་ཡོདཔ་ཨིན་པས།
དེ་ལས་ གླང་པོ་གཞོན་ནུ་ ཐལ་དཀར་མཆེ་བ་དྲུག་ལྡན་ དངུལ་ཀྱི་ཁ་དོག་བཟུམ་སྦེ་ དཀརཔོ་དང་ མགུ་ཏོ་མེ་ཤེལ་བཟུམ་སྦེ་དམརཔོ་ ལུས་གསེར་གྱི་ ཁ་དོག་བཟུམ་ཅིག་ལུ་སྤྲུལ་ཏེ་ བྱོན་ཞིནམ་ལས་ ཡུམ་སྒྱུ་མ་ལྷ་མཛེས་ཀྱི་ མཆན་ཁུང་གཡས་པ་ལས་མར་ ལྷུམས་སུའམ་ མངལ་ནང་བཞུགསཔ་ད་ ཡུམ་གྱི་གཉིད་ལམ་ནང་ཡང་ དེ་བཟུམ་མའི་ སྣང་བ་བྱུང་ཡོདཔ་མ་ཚད་ སྐུ་ལུས་ཡང་ བདེ་ཏོག་ཏོ་སྦེ་ གྱུར་ཡོདཔ་ཨིན་པས།
དེ་ཡང་ མདོ་སྡེ་རྒྱ་ཆེར་རོལ་པའི་ ལུགས་ལས་འབད་བ་ཅིན་ སྤྱི་ལོའི་སྔོན་མ་༩༦༢ ས་མོ་ལུག་ལོ་ དཔྱིད་ཟླ་ཐ་ཆུང་ ཧོར་ཟླའམ་ རང་ཟླ་༤ པའི་ཚེས་༡༥ འི་ནུབ་མོར་ ཡུམ་སྒྱུ་མ་ལྷ་མཛེས་ གཡུས་སེར་སྐྱའི་ རྒྱལ་པོའི་ཁབ་ཀྱི་ ཕོ་བྲང་ནང་ གསེར་ཁྲི་གུ་ གཟིམ་བཞུགསཔ་ད་ ཡུམ་གྱི་ལྷུམས་སམ་མངལ་དེ་ ལྟ་ན་སྡུག་པ་ འཁོར་བའི་སྐྱོན་གྱིས་ མ་གོས་པར་ རྒྱལ་སྲས་ཚུ་གིས་ ཉེ་བར་ལོངས་སྤྱོད་པའི་གནས་ གཞལ་མེད་ཁང་ལུ་ བྱིན་གྱིས་བརླབས་ དེ་ལས་ ལྷུམས་སུ་བཞུགས་རིང་ལུ་ཡང་ ལྷ་དང་མི་ བྱེ་བ་ལེ་ཤ་ཅིག་ལུ་ སྐྱེ་གནས་རྣམ་པར་སྦྱོང་བའི་ ཆོས་གནང་བཞུགས་ཡོདཔ་ཨིན་པས།
གཉིས་པ་ སྐུ་བལྟམས་སམ་ འཁྲུངས་པའི་དུས་ཆེན་དེ་ སྟོན་པ་རྫོགས་པའི་སངས་རྒྱས་ སྐུ་འཁྲུངས་རན་པའི་སྐབས་ ཡུམ་སྒྱུ་མ་ལྷ་མཛེས་ གནས་ཕུན་སུམ་ཚོགས་པ་ ལུམྦི་ནིའི་ཚལ་ལུ་བྱོན་ཏེ་ མྱ་ངན་མེད་པའི་ ལྗོན་ཤིང་གི་རྩ་བར་ སྐྱེ་དགུའི་བདག་མོ་ལུ་ སྐུ་བརྟེན་སྦེ་བཞུགསཔ་ད་ ཡུམ་གྱི་ མཆན་ཁུང་གཡས་པ་ལས་ ན་ཟུག་ག་ནི་ཡང་མེད་པར་ སྐུ་འཁྲུངས་ཡོདཔ་ལས་ ལྷའི་དབང་པོ་ བརྒྱ་བྱིན་གྱིས་ བདུད་རྩིའི་ཆུ་གིས་ བྱང་ཆུ་སེམས་དཔའ་ལུ་ སྐུ་ཁྲུས་གསོལ་གནང་པའི་ཤུལ་ལུ་ ལྷ་ཚངས་པ་གིས་ དར་དཀར་གྱི་ ན་བཟའ་ཕུལ་ དེ་ལས་ བར་སྣང་གི་ ལྷ་ཚུ་གིས་ བསྟོད་དབྱངས་ཕུན་སུམ་ཚོགས་པ་ཚུ་ ཞུ་ཡོདཔ་ཨིན་པས།
བྱང་ཆུབ་སེམས་དཔའ་ སྐུ་འཁྲུངསམ་ཅིག་ ཚད་མེད་བཞིའི་ལམ་ལུ་ ངེས་པ་བསྟེན་ནིའི་དོན་ལུ་ ཕྱོགས་༤ ལུ་ གོམ་པ་བདུན་བདུན་སྤོ་སྟེ་ བྱོན་པའི་སྐབས་ མེ་ཏོག་པདྨ་བདུན་བདུན་ ཤར་ཡོདཔ་མ་ཚད་ ལུམྦི་ནིའི་ཚལ་ལུ་ མེ་ཏོག་ཚུ་ རང་བཞིན་གྱིས་ ཤར་བ་དང་ སེར་སྐྱའི་གྲོང་ཁྱེར་གྱི་སྦུག་ལུ་ བྱང་ཆུབ་ཀྱི་ ལྗོན་ཤིང་དང་ སྐྱེད་མོས་ཚལ་༥༠༠ དང་ གཏེར་༥༠༠ ལ་སོགས་པ་བྱུང་བའི་ རྟགས་མཚན་སྣ་ཚོགས་ བྱུང་ཡོད་པའི་ཁར་ ཡབ་རྒྱལ་པོའི་དོན་ག་ར་ གྲུབ་མི་ལུ་བརྟེན་ མཚན་ཡང་རྒྱལ་སྲས་དོན་ཀུན་གྲུབ་པ་ཟེར་ བཏགས་གནང་ཡོདཔ་ཨིན་པས།
གསུམ་པ་ བདུད་བཏུལ་བའི་དུས་ཆེན་དེ་ སངས་རྒྱས་ཀྱི་མཛད་པ་༡༢ ཚུ་ནང་ལས་ ཐོན་དོ་བཟུམ་འབད་བ་ཅིན་ བྱང་ཆུབ་སེམས་དཔའ་ རྒྱལ་སྲས་དོན་ཀུན་གྲུབ་པ་ དགུང་ལོ་༣༥ བཞེས་པའི་ ས་ག་ཟླ་བའི་ཚེས་༡༥ ལུ་ སངས་རྒྱས་རནམ་ལས་ རྡོ་རྗེ་གདན་གྱི་ བྱང་ཆུབ་ལྗོན་ཤིང་གི་རྩ་བར་ སྐུ་རྒྱབ་གཏད་དེ་བཞུགས་ཏེ་ སྲོད་འཁོར་ཕག་གི་ དུས་ཚོད་ལུ་ལྷོདཔ་ད་ བདུད་ག་ར་འཇོམས་པའི་ ཏིང་ངེ་འཛིན་ལུ་ མཉམ་པར་བཞག་ཞིནམ་ལས་ འཇིག་རྟེན་གྱི་ཁམས་ག་ར་ ཏིང་ངེ་འཛིན་གྱི་ འོད་ཟེར་གྱིས་ ཁྱབ་པར་མཛད་གནང་ཡོདཔ་ཨིན་པས།
དེ་བསྒང་ བདུད་རིགས་ཚུ་ག་ར་དཀྲོགས་མི་ལུ་བརྟེན་ བདུད་ཀྱི་རྒྱལ་པོ་ གཞན་འཕྲུལ་དབང་བྱེད་ཀྱི་མངའ་བདག་ བདུད་སྡིག་ཏོ་ཅན་ དགའ་རབ་དབང་ཕྱུག་གིས་ སངས་རྒྱས་བཅོམ་ལྡན་འདས་ མངོན་པར་རྫོགས་པར་སངས་རྒྱས་ནི་ལུ་ བར་ཆད་རྐྱབ་ནིའི་དོན་ལུ་ ཤ་རོགསཔ་བཟུམ་བཟོ་སྟེ་ འོང་ཞིནམ་ལས་ སེར་སྐྱའི་གྲོང་ཁྱེར་དེ་ ལྷས་སྦྱིན་གྱིས་ དབང་ཚར་ཡི་ ཕོ་བྲང་ཚུ་བཅོམ་ བཙུནམོ་ཚུ་ ཁྱིམ་ནང་སྒོ་བསྡམས་རྐྱབ་ ཡབ་ཟས་གཙང་ བཙོན་ནང་བཙུགས་ ཤཱཀྱའི་རིགས་ཚུ་ག་ར་ ཕམ་ཚར་ཡི་ ཁྱོད་ག་ཅི་འབད་དཔ་སྨོ་ཟེར་ཞུཝ་ད་ སངས་རྒྱས་ཀྱིས་ མངོན་པར་སངས་རྒྱས་པའི་ སླད་དུའོ་ཟེར་ སངས་རྒྱས་ནིའི་དོན་ལུ་ཟེར་ གསུངས་ཡོདཔ་ཨིན་པས།
བདུད་ཀྱིས་ སངས་རྒྱས་ནི་དེ་ ཚོགས་ལེ་ཤ་བསགས་དགོཔ་ད་ ཁྱོད་རྒྱལ་པོའི་བུ་ སྐྱིད་ཏོང་ཏོ་སྦེ་ སྡོད་མི་ཅིག་ཨིན་ཟེར་ཞུཝ་ད་ རྒྱལ་སྲས་བྱང་ཆུབ་སེམས་དཔའ་གིས་ ཁྱོད་ཀྱིས་ བརྟན་པ་མེད་པའི་ མཆོད་སྦྱིན་རྐྱངམ་གཅིག་གིས་ འདོད་ཁམས་ཀྱི་ རྒྱལཔོ་ཐོབ་པ་ཅིན་ ང་གིས་ བསྐལ་པ་དཔག་ཏུ་མེད་པར་ ཚོགས་༢ བསགས་ཡོདཔ་ལས་ ག་ཅི་སྦེ་ འཚང་མི་རྒྱའམ་ སངས་མི་རྒྱས་ཟེར་གསུངསམ་ད་ བདུད་དགའ་རབ་དབང་ཕྱུག་ ང་རྒྱལ་བསྐྱེད་དེ་ ང་གིས་ བརྟན་པ་མེད་པའི་ མཆོད་སྦྱིན་བཏང་པའི་སྐབས་ དཔང་མོ་ཁྱོད་འདུག་ ཁྱོད་ཀྱིས་ ཚོགས་༢ བསགསཔ་ད་ དཔང་པོ་ག་ཡོད་ཟེར་ཞུ་ནུག།
དེ་ལུ་ རྒྱལ་སྲས་བྱང་ཆུབ་སེམས་དཔའ་གིས་ ཕྱག་མཛུབ་ས་ལུ་བཙུགས་ཏེ་ ས་འདི་འགྲོ་བ་ཀུན་གྱི་དཔང་ཡིན་ཏེ། །རྒྱུ་དང་མི་རྒྱུ་སྙོམས་ཤིང་ཉེ་འཁོན་མེད། །འདི་ནི་བདག་གི་དཔང་སྟེ་བདག་རྫུན་མེད། །ས་ཁྱོད་འདི་ལ་བདག་གི་དཔང་བྱོས་ཤིག །ཟེར་ ང་གིས་ཚོགས་གཉིས་བསགས་པའི་སྐབས་ དཔང་པོ་སའི་ལྷ་མོ་ཡོདཔ་ལས་ ད་རེས་ སའི་ལྷ་མོ་ཁྱོད་ཀྱིས་ དཔང་པོ་འབད་དགོ་ཟེར་གསུངསམ་ལས་ སའི་ལྷ་མོ་གིས་ གཟུགས་ཕྱེད་ཀ་ཅིག་བཏོན་ཏེ་ སའི་ཐལཝ་ཆུང་ཀུ་ཅིག་ ལག་པར་བཟུང་ཞིནམ་ལས་ ང་གིས་དཀྱིལ་འཁོར་དེ་ འདི་ཙམ་གྱི་ཚད་ལུ་བགྱང་ཚུགས། དེ་འབདཝ་ད་ རྒྱལ་སྲས་བྱང་ཆུབ་སེམས་དཔའ་གིས་ སངས་རྒྱས་ནིའི་དོན་ལུ་ དབུ་དང་ ཡན་ལག་བྱིན་མི་དེ་ གྱངས་ཁ་བགྱང་མི་ཚུགས་ ད་སངས་རྒྱས་པའི་དུས་ལུ་ བབས་ཨིན་ཟེར་སླབ་སྟེ་ ཡལ་སོ་ནུག།
དེ་ལུ་ བདུད་ཀྱི་རྒྱལ་པོ་ དགའ་རབ་དབང་ཕྱུག་ངོ་ཚ་མི་ལུ་བརྟེན་ ཁོ་རའི་བདུད་ཡུལ་ལུ་ ལོག་སོང་སྟེ་ བདུད་ཀྱི་དམག་དཔུང་ བྱེ་བ་ཕྲག་སུམ་ཅུ་སོ་དྲུག་ གྲ་སྒྲིག་རྐྱབ་འོངམ་ད་ རྒྱལ་སྲས་བྱང་ཆུབ་སེམས་དཔའ་གིས་ བྱམས་པ་ཆེན་པོའི་ ཏིང་ངེ་འཛིན་ལུ་ མཉམ་པར་བཞག་ཞིནམ་ལས་ མདའ་དང་ མདུང་ རལ་གྲིའི་མཚོན་ཆ་དང་ རྡོ་དང་དུག་གི་བཟུམ་སྦེ་ ཕབ་མི་དེ་ཚུ་ག་ར་ མེ་ཏོག་མནྡ་ར་བ་དང་པདྨ་ལུ་ སྒྱུར་གནང་ཡོདཔ་ཨིན་པས།
བདུད་ཀྱི་དམག་དཔུང་ཚུ་གི་ འདོད་པའི་དུག་གི་ སྡོང་པོ་ས་ལུ་འགྱེལ་ མེ་ཏོག་མདའ་ལྔ་ས་ལུ་འབུད་ ང་རྒྱལ་གྱི་བྲག་རི་ རྩ་བ་ལས་བརྡལ་ བདུད་ཀྱི་དམག་དཔུང་ཚུ་ཉམས་ཐག་ ཆུ་སྲིན་གྱི་ རྒྱལ་མཚན་ལ་སོགས་པ་ཚུ་ ནུབ་སོཔ་ལས་ དྲག་པ་ག་ནི་ཡང་མེདཔ་བཟུམ་ མགུ་འཐོམ་འཐོམ་སྦེ་ ཡར་སོཔ་ཨིན་པས།
ད་རུང་ བདུད་དགའ་རབ་དབང་ཕྱུག་ཁོ་རའི་ བུམོ་༣ མཛེས་ཤིང་ཡིད་དུ་འོང་བའི་ གོས་དང་རྒྱན་ཆ་ཚུ་བཏགས་ ལང་འཚོ་རྒྱས་པའི་ ཉམས་ཅན་༣ གྱིས་ཆགས་པའི་ ཟུར་མིག་གིས་བལྟ་སྟེ་ ཨོམ་དང་བརླད་དོ་སྟོན་ ཨ་བུ་གཡུགས་ཏེ་འོང་རུང་ བུམོ་དེ་༣ བཟོ་མ་ལེགས་པའི་ ཨང་རྒས་༣ ལུ་ བྱིན་གྱིས་བརླབས་གནང་ཡོདཔ་ཨིན་པས།
དེ་ལས་ བུམོ་༣ གནམ་མེད་ས་མེད་ངོ་ཚ་སྟེ་ ཨ་རྟག་ག་ཨིན་མི་དེ་ ལོག་སྟེ་ར་ བྱིན་གྱིས་བརླབས་གནང་ཟེར་ གསོལ་བ་བཏབ་མི་ལུ་བརྟེན་ བྱང་ཆུབ་སེམས་དཔའ་གིས་ ད་ལས་ཕར་ དེ་བཟུམ་སྦེ་ མི་འབད་ནི་གི་ དམ་བཅའ་བཀལ་ཡོདཔ་ད་ བདུད་ཀྱིས་ གནས་སྐབས་ག་དེ་སྦེ་ར་བཏོན་ཏེ་ བར་ཆད་རྐྱབ་རུང་ བྱང་ཆུབ་སེམས་དཔའ་གིས་ བྱམས་པའི་ཏིང་ངེ་འཛིན་གཅིག་གིས་ར་ བདུད་ཀྱི་དམག་དཔུང་ཚུ་ག་ར་ བཏུལ་གནང་ཡོདཔ་ཨིན་པས།
བཞི་པ་ མངོན་པར་རྫོགས་པར་ སངས་རྒྱས་པའི་དུས་ཆེན་དེ་ བྱང་ཆུབ་སེམས་དཔའ་ དགུང་ལོ་༢༩ ལས་འགོ་བཟུང་ ཆུ་ཀླུང་ཆེན་པོའི་ ནཻ་རཉྫ་ན་ལུ་ ལོ་དང་པ་༢ ལུ་ ཆུམ་ཕུད་རྡོག་རེ་དང་ ལོ་༢ པ་༢ ལུ་ ཆུ་ཐིག་པ་རེ་གསོལ་ དེ་ལས་ ལོ་༣ པ་༢ ལུ་ ག་ཅི་ཡང་ མ་བཞེས་པར་ ལོ་༦ དཀའ་སྤྱད་མཛད་པའི་ཤུལ་ལུ་ ནམ་མཁའ་ལས་ ལྷ་ཚུ་གིས་ ད་འབདན་ ཧེ་མར་ བྱང་ཆུབ་སེམས་དཔའ་ཚུ་ བླ་ན་མེད་པ་ མངོན་པར་རྫོགས་པ་ སངས་རྒྱས་པའི་གནས་དེ་ ཆུ་དེ་བརྒལ་བྱོནམ་ད་ རྡོ་རྗེ་གདན་ཟེར་མི་དེ་ཡོད་ དེ་ཁར་བྱོན་ཟེར་ ལུང་བསྟན་གནང་མི་དང་འཁྲིལ་ བྱིན་པའི་སྐབས་ བརྒྱ་བྱིན་གྱིས་བསྐུལ་བའི་ རྩྭ་ཚོང་བཀྲིས་ལས་ རྩྭ་ཀུ་ཤ་བསྣམས་ཏེ་ བྱང་ཆུབ་ཤིང་གི་རྩ་བར་ རྩྭ་ཀུ་ཤའི་རྩེ་མོ་གཡས་ཁ་ཐུག་ལུ་ འཐིང་ཞིནམ་ལས་ ཞབས་དཀྱིལ་ཀྲུང་སྦེ་ བཞུགས་ཐོག་ལས་ སྟན་འདིར་བདག་གི་ལུས་འདི་སྐམ་ཡང་རུང་། །པགས་པ་རུས་པའི་ཚོགས་རྣམས་ཞིང་ཀྱང་རུང་། ། བསྐལ་མང་རྙེད་དཀའི་བྱང་ཆུབ་མ་ཐོབ་པར། །སྟན་འདི་ལས་ནི་ལུས་བསྐྱོད་མི་བྱའོ། །ཟེར་ ཐུགས་ཀྱི་དམ་བཅའ་བརྟན་ཏོག་ཏོ་བཞེས་ཏེ་ བཞུགས་གནང་ཡོདཔ་ཨིན་པས།
རྒྱལ་སྲས་བྱང་ཆུབ་སེམས་དཔའ་ དགུང་ལོ་༣༥ བཞེས་པའི་ ས་ག་ཟླ་བའམ་ རང་ཟླ་༤ པའི་ཚེས་༡༥ འི་ སྲོད་ལུ་བདུད་བཏུལ་ ཉིན་དགུང་གི་མཐར་ བསམ་གཏན་བཞི་པའི་ ཏིང་ངེ་འཛིན་མངོན་དུ་གྱུར་ཏེ་ ཐོ་རངས་སྟག་གི་ དུས་ཚོད་དམ་ ཚེས་༡༦ གི་དྲོ་པར་ ཤར་བརྡ་བཏང་བའི་ དུས་ཚོད་ལུ་ལྷོདཔ་ད་ ལྷའི་མིག་གི་ མངོན་ཤེས་དང་ ཟག་པ་ཟད་པའི་ མངོན་ཤེས་བསྐྱེད་དེ་ སྡུག་བསྔལ་བདེན་པ་དང་ ཀུན་འབྱུང་བདེན་པ་ འགོག་པའི་བདེན་པ་ ལམ་གྱི་བདེན་པ་༤ མཐར་ཕྱིན་ཏེ་ མངོན་པར་རྫོགས་པར་ སངས་རྒྱས་ཡོདཔ་ཨིན་པས།
དེའི་སྐབས་ འགུལ་ རབ་ཏུ་འགུལ་ ཀུན་ཏུ་རབ་ཏུ་འགུལ་ གཡོ་ རབ་ཏུ་གཡོ་ ཀུན་ཏུ་རབ་ཏུ་གཡོ་ རྡེག་ རབ་ཏུ་རྡེག་ ཀུན་ཏུ་རབ་ཏུ་རྡེག་ འཁྲུགས་ རབ་ཏུ་འཁྲུགས་ ཀུན་ཏུ་རབ་ཏུ་འཁྲུགས་ འུར་འུར་ རབ་ཏུ་འུར་འུར་ ཀུན་ཏུ་རབ་ཏུ་འུར་འུར་ ཆེམ་ཆེམ་ རབ་ཏུ་ཆེམ་ཆེམ་ ཀུན་ཏུ་རབ་ཏུ་ཆེམ་ཆེམ་བཅས་ ལྟས་བཟང་པོ་༡༧ བྱུང་ཡོདཔ་མ་ཚད་ ཟླཝ་སྒྲ་གཅན་འཛིན་གྱིས་ བཟུང་བ་ལ་སོགས་པའི་ རྟགས་མཚན་དང་གཅིག་ཁར་ མངོན་པར་རྫོགས་པར་ སངས་རྒྱས་ཡོདཔ་ཨིན་པས།
ལྔ་པ་ སྐུ་མྱ་ངན་ལས་འདས་པའི་ དུས་ཆེན་དེ་ སྟོན་པ་རྫོགས་པའི་སངས་རྒྱས་ དགུང་ལོ་༧༨ བཞེས་པའི་ ས་སྟག་གི་ལོ་ལུ་ སྐུ་མྱ་ངན་ལས་འདས་ནིའི་ ཐུགས་བཞེད་གནང་རུང་ བྲམ་ཟེ་སུ་ཀ་སིདྡྷི་དང་ ཙནྡ་༢ ཀྱིས་ མྱ་ངན་ལས་མ་འདའ་བར་ བཞུགས་དགོ་པའི་ གསོལ་བ་བཏབ་མི་དང་འཁྲིལ་ ལོ་༣ བཞུགས་ནིའི་ ཞལ་གྱིས་བཞེས་ཏེ་ མྱང་འདས་ཀྱི་ མདོ་འབུམ་པ་ཚུ་གསུངས་ཏེ་ བཞུགས་ཡོདཔ་ད་ ལོ་༢ ཀྱི་རྒྱབ་ལས་ བདུད་ཚུ་གིས་ མྱ་ངན་ལས་འདས་གནང་ཟེར་ གསོལ་བ་བཏབ་མི་ལུ་བརྟེན་ སངས་རྒྱས་ཀྱིས་ཡང་ ཞལ་གྱིས་བཞེས་གནང་ཡོདཔ་ཨིན་པས།
དེ་ཡང་ བདུད་ཚུ་གིས་ སངས་རྒྱས་ཁྱོད་ སེམས་ཅན་དགའ་བཅུག་མི་དེ་ བདེན་ག་ཟེར་ཞུཝ་ད་ སངས་རྒྱས་ཀྱིས་ དགའ་བཅུག་དོ་ཟེར་ གསུངས་པའི་སྐབས་ བདུད་ཚུ་གིས་ ང་བཅས་ཁྱོད་ མྱ་ངན་ལས་འདའ་ནི་དེ་དགའ་ མྱ་ངན་ལས་འདས་གནང་ཟེར་ཞུཝ་ད་ མྱ་ངན་ལས་འདའ་བར་གནང་ངོ་ཟེར་ བདུད་ཚུ་གི་ ངོ་སྲུང་དང་ གདུལ་བྱ་ལེ་ལོ་ཅན་ཚུ་ ཆོས་ལུ་བསྐུལ་ནིའི་དོན་ལུ་ མྱ་ངན་ལས་འདས་ནི་སྦེ་ ཞལ་གྱིས་བཞེས་གནང་ཡོདཔ་ཨིན་པས།
སྟོན་པ་དགུང་ལོ་༨༠ བཞེས་པའི་ ས་ག་ཟླ་བའི་ཚེས་༡༥ འི་ མཚན་ཐུན་བར་པའི་ མཇུག་ལས་འགོ་བཟུང་ རྒྱལ་བའི་བསྟན་པ་རིན་པོ་ཆེ་དང་ སངས་རྒྱས་ཁོ་རའི་འཁོར་ དགེ་བསྙེན་ཕ་མ་༢ དང་ དགེ་སློང་ཕ་མ་༢ གནས་བརྟན་འོད་སྲུང་ཆེན་པོ་ལུ་ རྩིས་སྤྲོད་དེ་ སྐུའི་སྟོད་གཡོག་གསོལ་ཞིནམ་ལས་ དགེ་སློང་ཚུ་ བདེ་བཞིན་གཤེགས་པ་མཇལ་ བདེ་བཞིན་གཤེགས་པ་ མཇལ་ནི་དེ་ མེ་ཏོག་ཨུ་དུམ་ཝཱ་ར་བཟུམ་སྦེ་ ལཱ་ཁག་ཨིན་དང་ འདུས་བྱས་ག་ར་འཇིག་པའི་ ཆོས་ཅན་ཨིན་ཟེར་ ངེས་པར་འབྱུང་པའི་ གསུང་གི་མཐའ་མ་གསུངས་ཏེ་ གདུལ་བྱ་ལེ་ལོ་ཅན་ཚུ་ ཆོས་ལུ་བསྐུལ་ནིའི་དོན་ལུ་ མཚན་ཐུན་མཐའ་མ་ འགོ་བཙུགསཔ་དང་གཅིག་ཁར་ གྲོང་ཁྱེལ་རྩྭ་མཆོག་གི་ ཤིང་ས་ལཱ་ཟུང་གཅིག་གི་རྩ་བར་ གནས་སྐབས་ཅིག་ སྐུ་མྱ་ངན་ལས་འདས་པའི་ ཚུལ་སྟོན་གནང་ཡོདཔ་ཨིན་པས།
འདི་འབདཝ་ལས་ སྤྱིར་བཏང་ས་ག་ཟླ་བ་དང་ ལྷག་པར་དུ་ ས་ག་ཟླ་བའི་ཚེས་༡༥ ལུ་ ལྷག་བསམ་དག་པའི་ཐོག་ལས་ དད་མོས་བསྐྱེད་དེ་ དགེ་བསྒྲུབ་སྡིག་སྤོང་གི་ ལཱ་ཚུ་ལུ་ བརྩོན་ཤུགས་བསྐྱེད་ཚུགས་པ་ཅིན་ ཕན་ཡོན་འབུམ་འགྱུར་སྦེ་ ཡོད་མི་དེ་ཡང་ དེ་ལུ་བརྟེན་ ཨིན་མས་ཟེར་ ཞུ་ནི་ཨིན།
སྐལ་བཟང་དབང་ཕྱུག།