ས་ཁྲམ་བྲིས་མི་བགྲེསཔ་༡ ལུ་ གཞུང་ས་ཧམ་འཛུལ་དང་ བཀའ་ཤོག་ལོག་སྤྱོད་འབད་བའི་ཉེས་འཛུགས།

ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཞིབ་དཔྱད་སྙན་ཞུ་དེ་ རྩོད་བཤེར་གྱི་དོན་ལུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ནང་བཏང་ནུག།

༉ འདས་པའི་ཟླཝ་ནང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཐིམ་ཕུག་ཧེ་འཇོ་ལུ་ ས་ཁྲམ་བྲིས་མི་བགྲེསཔ་ཅིག་གིས་ གཞུང་ས་ཧམ་འཛུལ་ཐོག་ ཚུལ་མིན་གྱི་སྒོ་ལས་ ཕྱག་བཞག་ཁྲམ་ནང་ བྲིས་བཀོད་དང་ བཀའ་ཤོག་ལོག་སྤྱོད་ཐོག་ ས་ཐེབས་འཆང་སྤྱོད་འབད་ཡོད་པའི་ ཞིབ་དཔྱད་སྙན་ཞུ་དེ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ བཏང་ཡོདཔ་ཨིན་པས།
རྩོད་བཤེར་ཀྱི་དོན་ལུ་བཏང་མི་ ཞིབ་དཔྱད་སྙན་ཞུ་ནང་ སྤྱི་ལོ་༡༩༧༧ ལས་༡༩༩༡ ཚུན་ཚོད་ ཧེ་མའི་ས་འཇལ་དང་ ས་ཁྲམ་ལས་ཁུངས་ནང་ ཁྲམ་བྲིས་མི་སྦེ་ ལཱ་འབད་མི་ ལོ་༦༥ ལང་མི་ ཕོ་སྐྱེས་དེ་གིས་ ཧེ་འཇོ་ལུ་ ཁོ་རའི་ཕ་མའི་ ཕྱག་བཞག་ཁྲམ་ནང་ ཚུལ་མིན་གྱི་སྒོ་ལས་ གཞུང་ས་ཌིསི་༧༠ ཐེབས་བཙུགས་བྱིན་ཡོད་པའི་ མངོན་གསལ་བྱུང་ཡི་ཟེར་བཀོད་ནུག།
དེ་ཡང་ ཉེས་འཛུགས་ཅན་གྱི་ ཚེ་འདས་ཕ་མའི་ མིང་ཐོ་ནང་ཡོད་མི་ ས་ཆ་ཡོངས་བསྡོམས་དེ་ སྤྱི་ལོ་༡༩༦༧ ལས་༡༩༨༠ ཚུན་ཚོད་ བསྒྱུར་བཅོས་མེད་པར་ སྔར་བཞིན་དུ་ཡོད་རུང་ སྤྱི་ལོ་༡༩༨༥ འི་ཕྱག་བཞག་ཁྲམ་ནང་ ས་ཚན་ཁག་༡༡ ཡོད་མི་ལས་༧ ནང་ ས་ཌིསི་༧༢ ཡར་སེང་སོང་ཡོདཔ་ཨིན་པས།
ངན་ལྷན་བཀོག་སྡོམ་ལྷན་ཚོགས་ཀྱིས་ ཞིབ་དཔྱད་འབདཝ་ད་ ཉེས་འཛུགས་ཅན་དེ་ ས་འཇལ་དང་ ས་ཁྲམ་ལས་ཁུངས་ནང་ ས་ཁྲམ་བྲིས་མི་སྦེ་ ལཱ་འབད་བའི་སྐབས་ ས་ཁྲམ་དེ་ སྤྱི་ལོ་༡༩༨༠ དང་༡༩༨༥ འི་བར་ན་ དུས་མཐུན་བཟོཝ་ད་ ས་ཆ་ཌིསི་༧༢ ཐེབས་བཙུགས་ནུག་ཟེར་ཨིན་པས།
འཆང་སྤྱོད་འབད་བའི་ སའི་ཚད་གཞི་ ཡར་སེང་འབད་ནི་གི་ འོས་འབབ་༢ ཡོད་མི་དེ་ཡང་ བཀའ་ཤོག་ཐོབ་པའི་ཤུལ་ལས་དང་ ཡང་ཅིན་ ས་ཆ་བསྐྱར་འཇལ་ལས་རིམ་སྐབས་ལུ་ བྱུང་ཡོདཔ་བཟུམ་ཅིག་འདུག་ཟེར་ ཞིབ་དཔྱད་སྙན་ཞུ་ནང་ བཀོད་ཡོད་རུང་ སྒྲུབ་བྱེད་ཀྱི་ མངོན་རྟགས་བྱུང་མི་ཚུ་ལུ་ལྟཝ་ད་ གནད་དོན་གཉིས་ཆ་ར་མེན་པའི་ ངོས་འཛིན་བྱུང་ནུག།
ག་འཆར་ཟེར་བ་ཅིན་ ཐིམ་ཕུག་རྫོང་ཁག་ནང་ ས་ཆ་བསྐྱར་འཇལ་ལས་རིམ་དེ་ སྤྱི་ལོ་༡༩༨༨-༨༩ ལུ་ འགོ་འདྲེན་འཐབ་ཡོད་རུང་ རྩོད་རྙོགས་ཅན་གྱི་ ས་ཐེབས་དེ་ སྤྱི་ལོ་༡༩༨༥ ལུ་ ཕྱག་བཞག་ཁྲམ་ནང་ བཀོད་ཚར་ཏེ་ཡོད་མི་ལུ་བརྟེན་ཨིན་པས།
ད་རུང་ སྒྲུབ་བྱེད་ཐོབ་མི་ཚུ་དང་འཁྲིལཝ་ད་ སྤྱི་ལོ་༡༩༨༦ ལུ་ ས་ཚན་བཙོང་ཚར་མི་ཚུ་དང་ སྤྱི་ལོ་༡༩༨༨ ལོའི་ས་གནས་ཀྱི་ ཐོ་དེབ་ནང་ གསལ་བཀོད་འབད་མི་ལུ་ བལྟ་བའི་སྐབས་ ས་ཆ་ཌིསི་༧༢ དེ་ སྤྱི་ལོ་༡༩༨༨ ལུ་ ས་འཇལ་ལས་རིམ་ འགོ་མ་བཙུགས་པའི་ཧེ་མར་ ཁྲམ་ནང་བཀོད་ཡོད་པའི་ བདེན་རྟགས་བྱུང་ཡི་ཟེར་ ལྷན་ཚོགས་ཀྱི་ ཞིབ་དཔྱད་སྙན་ཞུ་ནང་བཀོད་ནུག།
ཞིབ་དཔྱད་དང་འཁྲིལཝ་ད་ ཉེས་འཛུགས་ཅན་དེ་གིས་ ས་ཁྲམ་གཡོ་བཅོས་འབད་ཡོད་པའི་ མངོན་གསལ་བྱུང་མི་དེ་ཡང་ རྩ་ཕན་༣ པ་གིས་ ཉེས་འཛུགས་ཅན་གྱི་ བཟའ་ཚང་གི་ ས་ཁྲམ་གཡོ་བཅོས་དང་ ཕན་གྲོགས་འབད་ནི་གི་ འོས་འབབ་མེད་ཟེར་ཨིནམ་ད་ ཉེས་འཛུགས་ཅན་དེ་ ས་ཁྲམ་འབྲི་ནི་དང་ ཐོབ་སྤྱོད་འབད་ནི་གི་ གོ་སྐབས་ཡོད་མི་ལུ་བརྟེན་ ཕྱག་བཞག་ཁྲམ་དེ་ བསྒྱུར་བཅོས་རྐྱབ་ནུག་ཟེར་ཨིན་པས།
གསུམ་པ་འབདཝ་ད་ ཉེས་འཛུགས་ཅན་དེ་ ཁྲམ་གཡོ་བཅོས་འབད་བའི་ ཁེ་ཕན་ཐོབ་མི་ཅིག་ཨིན་མི་དེ་ཡང་ ཁོ་གིས་ ཁྲམ་ནང་ས་ཐེབས་བཙུགས་པའི་ཤུལ་ལས་ བཟའ་ཚང་གི་ འཐུས་མི་ནང་འཁོད་ལུ་ ས་ཚན་བགོ་བཤའ་རྐྱབ་སྟེ་བཙོང་ནི་ འགོ་བཙུགས་ནུག་ཟེར་ཨིན་པས།
ཉེ་འཛུགས་ཅན་གྱིས་ ཁོ་གི་ ས་ཚན་ཉེ་འདབས་ལུ་ རྒྱལ་ཁམས་ཀྱི་ ས་ཆ་ཡོདཔ་ ཤེས་རྟོགས་ཡོད་ནི་དེ་གིས་ ཕྱག་བཞག་ཁྲམ་ནང་ ས་ཆ་ཐེབས་བཙུགས་ཐོག་ལས་ གཞུང་ས་ཧམ་འཛུལ་ཐོག་ བདག་དབང་འབད་ནུག་ཟེར་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ཞིབ་དཔྱད་སྙན་ཞུ་ནང་བཀོད་ནུག།
ཞིབ་དཔྱད་སྐབས་ གཡོ་བཅོས་འབད་མི་ ས་ཚན་༧ ལས་༥ སྤྱི་ལོ་༡༩༨༦ དང་༡༩༩༤ འི་བར་ན་ མི་ངོ་གཞན་ཚུ་ལུ་ བཙོང་ཡོདཔ་མ་ཚད་ ས་ཚན་དེ་ཚུ་ ད་རུང་ རྩ་ཕན་གསུམ་པ་ཚུ་ལུ་ བཙོང་པའི་མཐའ་མར་ ཕྱི་འབྲེལ་དོན་གཅོད་པའི་ ཡིག་ཚང་དང་ ཧེ་འཇོ་སྔོ་ལྗང་ས་ཁོངས་བཟོ་ནི་ དེ་ལས་ མངོན་མཐོ་ཁྲིམས་འདུན་གཞི་བཙུགས་ཀྱི་དོན་ལུ་ གཞུང་གིས་ མཁོ་སྒྲུབ་འབད་ཡོད་པའི་ མངོན་གསལ་བྱུང་ཡོདཔ་ཨིན་པས།
ལྷག་ལུས་ས་ཚན་༢ པོ་དེ་ ཉེས་འཛུགས་ཅན་གྱི་ གནས་ཚང་དང་ བུམོ་གི་མིང་ཐོ་ལུ་ སྤོ་སོར་འབད་ནུག་ཟེར་ཨིན་པས།
རྒྱལ་འཛིན་བཀའ་ཤོག་ལོག་སྤྱོད།
ད་རུང་ ཞིབ་དཔྱད་སྙན་ཞུ་དང་འཁྲིལཝ་ད་ ཉེ་འཛུགས་ཅན་ ཕོ་སྐྱེས་དེ་གིས་ འབྲུག་མངའ་བདག་རྒྱལ་པོའི་ བཀའ་ཤོག་ལས་འགལ་བའི་ ཚུལ་མིན་གཡོ་སྒྱུ་འཐབ་པའི་ ངོས་འཛིན་བྱུང་མི་དེ་ཡང་ སྤྱི་ལོ་༡༩༨༥ ལུ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ ཉེས་འཛུགས་ཅན་ལུ་ ཐིམ་ཕུག་ལས་ ས་ཆ་ཨེ་ཀར་༢.༡༤ དང་ སྤུ་ན་ཁ་ལུ་ ས་ཆ་ཨེ་ཀར་༡.༤༥ གནང་ཡོད་རུང་ ཁོ་གིས་ བཀའ་ཤོག་ལུ་ མ་གུས་པར་ ཐིམ་ཕུག་ལས་ ས་ཆ་ཨེ་ཀར་༤.༡༥ ཁྲམ་མར་བཀོད་ཡོདཔ་མ་ཚད་ སྤུ་ན་ཁ་ལུ་ ས་ཆ་ཨེ་ཀར་༠.༩༥ མར་ཕབ་ཐོག་ བཀོད་ནུག་ཟེར་ཨིན་པས།
དེ་ལས་ སྤུ་ན་ཁ་ལས་ ས་ཆ་ཨེ་ཀར་༠.༥༠ མར་ཕབ་འབད་མི་དེ་ ཐིམ་ཕུག་ལུ་ ཁྲ་མར་བཀོད་པའི་ཤུལ་ལས་ ཉེས་འཛུགས་ཅན་གྱིས་ ཀ་པ་འབྲི་ཤོག་གུ་ བྲིས་བསུབས་ཐོག་ ས་ཆ་ཨེ་ཀར་༡.༥༠ ཨིནམ་སྦེ་ གཡོ་བཅོས་འབད་ནུག་ཟེར་ཨིན་པས།
སྤྱི་ལོ་༢༠༠༣ ལུ་ ཆེ་མཐོའི་གནས་རིམ་ཚོགས་ཆུང་གཞི་བཙུགས་འབད་མི་དེ་གིས་ གནད་དོན་དེ་ལུ་ ཞིབ་དཔྱད་རྐྱབ་སྟེ་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ཀྱིས་ ཉེས་འཛུགས་ཅན་ལས་ ས་ཐེབས་སོར་ཆུད་འབད་ནི་གི་ བྱ་རིམ་སྒྲིག་པའི་བསྒང་ཨིན་པས་ཟེར་ ཞིབ་དཔྱད་སྙན་ཞུ་ནང་བཀོད་ནུག།
དེ་འབདཝ་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཉེས་འཛུགས་ཅན་ལུ་ ཉེས་བཤེར་འབད་ནི་གི་ སྒྲུབ་བྱེད་དང་ མངོན་རྟགས་ཚུ་ཡོད་མི་ལུ་བརྟེན་ ཞིབ་དཔྱད་སྙན་ཞུ་དེ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ བཏང་ཡོདཔ་བཞིན་དུ་ གལ་སྲིད་ ཉེས་བཤེར་འབད་ནི་གི་ འོས་འབབ་མེད་པ་ཅིན་ ཞི་རྩོད་ཐོག་ལས་ གཞུང་ས་ཧམ་འཛུལ་འབད་མི་དེ་ རྒྱལ་ཁམས་ལུ་ སོར་ཆུད་འབད་དགོ་པའི་ གྲོས་འདེབས་བཀོད་ཡོད་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

 

About admin

Check Also

སྐྱེས་ལོ་༡༢ ཡན་ཆད་འབད་མི་ བུམོ་ཅིག་གིས་ ཨ་ལོ་སྐྱེས་ཡོདཔ།

༉ སྐྱེས་ལོ་༡༢ ཡན་ཆད་འབད་མི་ བུམོ་ཅིག་གིས་ ཨ་ལོ་སྐྱེས་ཡོད་མི་དེ་ལུ་ ཐིམ་ཕུག་ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་བའི་ཤུལ་ལས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ སྙན་ཞུ་འབད་མི་དེ་ ད་རེས་ནངས་པར་ ཁྲིམས་འདུན་ལུ་ རྩོད་བཤེར་འབད་བའི་བསྒང་ཨིན་པས། དེ་ཡང་ བུམོ་ཅིག་གིས་ སྤྱི་ལོ་༢༠༢༢ …

Leave a Reply

Your email address will not be published. Required fields are marked *