ཤོམ་སྤང་ཁའི་འདེམས་ངོ་ཚུ་གིས་ འཐུང་ཆུ་དང་ ཆུ་གཡུར་ལུ་ གཙོ་རིམ་བཟུང་ནི།

༉ གསར་སྤང་ ཤོམ་སྤང་ཁ་འདེམས་ཁོངས་ཀྱི་ འདེམས་ངོ་༢ ཀྱི་ མི་མང་རྩོད་འགྲན་མཇུག་བསྡུ་ཞིནམ་ལས་ སྒོ་བཤལ་ཏེ་ ཁོང་རའི་ ཁས་བླངས་གསལ་བསྒྲགས་འབད་ཞིནམ་ལས་ ཚོགས་རྒྱན་ལྷང་དོ་ཡོདཔ་ཨིན་པས།

སྐྱེས་ལོ་༣༤ ལང་མི་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ དིའུ་ཀུ་མར་རི་མཱལ་ལུ་ ཚན་རིག་གི་ བརྡ་དོན་དང་འཕྲུལ་རིག་གཙུག་ལག་ཤེས་ཡོན་ཡོདཔ་ད་ ཁོ་གིས་ སྤྱི་ཟླ་༡༠ པའི་ཚེས་༩ ལུ་ དགའ་སྐྱིད་གླིང་རྒེད་འོག་ནང་ གཡུས་སྒོ་བཤལ་ཏེ་ སྐུལ་བསྒྲགས་འབད་བའི་ཁར་ བརྡ་དོན་དང་ བཟོ་རིག་ནང་ གཙུག་ལག་ཤེས་ཡོན་ཡོད་མི་ སྐྱེས་ལོ་༤༠ ལང་མི་ འབྲུག་མཉམ་རུབ་ཚོགས་པའི་འདེམས་ངོ་ ཊེག་བྷ་དུར་རེའི་གིས་ སེང་གེ་རྒེད་འོག་ནང་ སྒོ་བཤལ་ཏེ་ སྐུལ་བསྒྲགས་འབད་དོ་ཡོདཔ་ཨིན་པས།

ཊེག་བྷ་དུར་རེའི་གིས་ སླབ་མིའི་ནང་ ཨམ་སྲུ་ཚུ་ སྤྱི་ཚོགས་ནང་ བཅར་མར་གཏོགས་ནིའི་དོན་ལུ་ གཙོ་རིམ་བཟུང་ནི་རྐྱངམ་གཅིག་མེན་པར་ ས་གནས་མཐའ་ཟུར་གི་ ཨམ་སྲུ་ཚུ་ལུ་ གཙང་རས་དང་ སྐྱེས་མའི་ངལ་གསོ་ཚུ་བྱིན་ཏེ་ ཨམ་སྲུ་ཚུ་ལུ་ དབང་ཆ་བྱིན་ནི་ཟེར་ཨིན་པས།

ཁོ་གིས་ ཨམ་སྲུ་ཚུ་ལུ་ གཙོ་བོར་བཟུང་ནིའི་ ཐབས་ཤེས་བཏོན་དོ་ཟེར་ཨིནམ་ད་ འདེམས་ཁོངས་ནང་ ཞིང་ཆུ་དང་ འཐུང་ཆུ་ དེ་ལས་ གསར་སྤང་ལུ་ བརྒྱུད་འཕྲིན་གྱི་ མཐུད་སྦྲེལ་འབད་ནི་ལུ་ཡང་ གཙོ་རིམ་བཟུང་དོ་ཟེར་ཨིན་པས།

དེ་མ་ཚད་ ཁོ་རའི་འདེམས་ཁོང་ནང་ བཟོ་གྲྭ་འཕྲུལ་ཁང་ཅིག་ གཞི་བཙུགས་འབད་དེ་ དམིགས་གསལ་གྱི་ དཔལ་འབྱོར་ས་ཁོངས་ཅིག་སྦེ་ གཞི་བཙུགས་འབད་ནི་དང་ འབྲུག་མཉམ་རུབ་ཚོགས་པ་གིས་ མི་སེར་སོ་ནམ་པ་ཚུ་ལུ་ ཕན་ཐོགས་ནིའི་དོན་ལས་ ལོ་ཐོག་ཉེན་བཅོལ་གཞི་བཙུགས་འབད་ནི་ཟེར་ཨིན་པས།

ཁོ་རའི་འདེམས་ཁོངས་ནང་ མི་ཚེ་དང་ ས་ཞིང་གྱི་སྟབས་མ་བདེཝ་ཡོདཔ་ལས་ གཞུང་གི་ཁ་ཐུག་ལས་ ག་ནི་ཡང་འབད་ཐབས་མེད་ནི་དེ་གིས་ གཞུང་གིས་ ས་གླ་ཁར་བྱིན་རྐྱངམ་གཅིག་མ་གཏོགས་ གཞན་འབད་མི་ཚུགས་ཟེར་ མི་སེར་ཚུ་ལུ་ གོ་བ་བཤད་དེ་བྱིན་ཡི་ཟེར་ཨིན་པས།

འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ དིའུ་ཀུ་མར་རི་མཱལ་གྱིས་ སླབ་མིའི་ནང་ ཁོ་རའི་འདེམས་ཁོངས་ནང་ སོ་ནམ་ཞིང་ལམ་གསརཔ་བཏོན་ནི་དང་ ཧེ་མ་ལས་ བཏོན་ཡོད་པའི་འཁོར་ལམ་ཚུ་ལུ་ གཙོ་རིམ་བཟུང་ནི་དང་ ཚོགས་པ་གིས་ ལྟ་བཤལ་དང་ སོ་ནམ་ དེ་ལས་ རྫོང་ཁག་ནང་འཁོད་གྱི་ འཁོར་ལམ་ཚུ་ མཐུད་སྦྲེལ་འབད་ནི་ཨིནམ་ད་ རྒྱལ་ཁབ་ཀྱི་ རང་དབང་སྲུང་སྐྱོབ་ཡང་ སྒྲིང་སྒྲི་བཟོ་ནིའི་ ཁས་བླངས་འབད་ཡོདཔ་ཨིན་པས།

དེ་ལས་ ཁོ་གིས་ སླབ་མིའི་ནང་ ཁོ་ར་སྐྱེས་ས་སྦོམ་ས་གཡུས་སྒོ་ནང་ར་ འབད་ནི་དེ་གིས་ འདེམས་ཁོངས་ཀྱི་ མི་སེར་ཚུ་ལུ་ དཀའ་ངལ་ག་ཅི་ཡོདཔ་ཨིན་ན་ ཁོ་གིས་ཤེས་ཟེར་ཨིནམ་ད་ རི་དྭགས་སྲུང་སྐྱོབ་ཀྱི་ དཀའ་ངལ་ཐོནམ་ད་ བརྒྱུད་འཕྲིན་གྱི་མཐུད་སྦྲེལ་དེ་ ཁག་ཆེཝ་ལས་ ཁོ་གིས་ སྤྱི་ཚོགས་ནང་ འདེམས་ཁོངས་ཀྱི་དཀའ་ངལ་ཚུ་ ཞུ་ནི་དོན་ལས་ འདེམས་ཁོངས་ཀྱི་ ངོ་ཚབ་སྦེ་ ཕྱག་ཞུ་ཚུགས་ཟེར་ཨིན་པས།

འབྲུག་ཕུན་སུམ་ཚོགས་པའི་ འདེམས་ངོ་གིས་ སླབ་མིའི་ནང་ མི་སེར་ཚུ་གིས་ དཀའ་ངལ་དེ་ ས་ཞིང་དང་ མི་ཚེ་འབྲེལ་བའི་དཀའ་ངལ་ཡོད་པའི་སྐོར་ལས་ ཁོ་ལུ་སླབ་ཡོདཔ་ལས་ གཞུང་གིས་བསལ་ནིའི་ ཁྱད་དབང་མེདཔ་ལས་ གཞུང་གི་ཆ་རོགས་འབད་ཚུགས་མི་ཅིག་ འབད་འོང་ཟེར་ གོ་བ་བཤད་དེ་ སླབ་ཅི་ཟེར་ཨིན་པས།

མི་སེར་ལ་ལོ་ཅིག་ལུ་ ཆུ་རུད་ཐོན་མི་དེ་གིས་ ས་ཞིང་མེདཔ་བཏང་མི་ཚུ་ལུ་ ས་ཚབ་དགོ་པའི་གནད་དོན་དང་ ལ་ལོ་ཅིག་ ཞིང་ཆུ་མ་ལང་མི་ལུ་བརྟེན་ ཆུ་ཞིང་དེ་ སྐམ་ཞིང་ལུ་བསྒྱུར་བཅོས་འབད་ནིའི་གནད་དོན་ཚུ་ ཁོ་ལུ་སླབ་མི་ལུ་བརྟེན་ གནད་དོན་དེ་ཚུ་བསལ་ནི་ཟེར་ ཁས་བླངས་འབད་ཡི་ཟེར་ཨིན་པས།

འབྲུག་མཉམ་རུབ་ཚོགས་པ་གིས་ ག་ར་རིན་མེད་སྟོང་པར་བྱིན་ནི་ཟེར་ ཁས་བླངས་གསལ་བསྒྲགས་འབད་མི་དང་ ཁོང་གི་ཁས་བླངས་གསལ་བསྒྲགས་དེ་ སོར་ཡི་སོར་ཡི་ར་ སླབ་མི་དེ་གིས་ ཁས་བླངས་གསལ་བསྒྲགས་ ཏན་ཏན་ཅིག་མེདཔ་ལས་ འབྲུག་ཕུན་སུམ་ཚོགས་པ་ལུ་ འཕྲལ་དང་ཕུགས་ལུ་ཕན་ཐོགས་པའི་ དམིགས་གཏད་སྦོམ་ཡོད་ཟེར་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ དིའུ་ཀུ་མར་རི་མཱལ་གྱིས་ བདེན་ཁུངས་བཟང་ཡོདཔ་ཨིན་པས།

ཨིན་རུང་ འབྲུག་མཉམ་རུབ་ཚོགས་པའི་ འདེམས་ངོ་གིས་འབད་བ་ཅིན་ འབྲུག་མཉམ་རུབ་ཚོགས་པའི་ ཁས་བླངས་གསལ་བསྒྲགས་ཀྱི་ཁེ་ཕན་དེ་ ལོ་༡༠ དང་༡༥ འི་རྒྱབ་ལས་རྐྱངམ་གཅིག་ ཤེས་ཚུགས་ཟེར་ཨིནམ་ད་ ཚོགས་པ་གིས་ གསོ་བ་དང་ ཤེས་རིག་ལུ་ གཙོ་བོར་བཟུང་དོ་ཟེར་ འདེམས་ངོ་ཊེག་བྷ་དུར་རའི་གིས་ བཤད་ཡོད་པའི་གནས་ཚུལ།

སྐད་སྒྱུར་ གནས་བརྟན་རྡོ་རྗེ།

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *