ཤེས་རིག་སྤུས་ཚད་ཅན་ བཟོ་ནི་ལུ་ གཙོ་རིམ་བཟུང་དགོཔ།

༉ འབྲུག་མཉམ་རུབ་ཚོགས་པ་གིས་ འགོ་ཐོག་དང་ སྤྱིར་བཏང་བཙག་འཐུའི་དོན་ལུ་ སྐུལ་བསྒྲགས་འབད་བའི་སྐབས་ ཁས་བླངས་འདྲ་མིན་སྣ་ཚོགས་འབད་མིའི་གྲས་ལས་༡ སློབ་གྲྭ་ཚུ་ནང་ རེས་གཟའ་ཉི་མ་ལུ་ སློབ་སྟོན་གྱི་ དུས་ཚོད་མེདཔ་བཟོ་ཐོག་ལས་ སློབ་དཔོན་དང་ སློབ་ཕྲུག་ཚུ་ ངལ་གསོ་བཞག་ནི་སྦེ་ ཁས་བླངས་འབད་ཡོདཔ་བཞིན་དུ་ འཕྲལ་ཁམས་ཅིག་ཁར་ ཤེས་རིག་བློན་པོ་གིས་ཡང་ དལ་ཁོམ་བཞག་ནིའི་ དུས་ཚོད་ལུ་ གཙོ་རིམ་བཟུང་ནི་སྦེ་ ཁས་བླངས་བསྐྱར་གསོ་འབད་ནུག།

དེ་ཡང་ གཞུང་གི་ཧོངས་ལས་ གནད་དོན་དེ་ལུ་ གཙོ་རིམ་བཟུང་ནི་ཨིན་མི་དེ་ཡང་ ལྷབ་སྦྱང་གི་ དུས་ཚོད་བྱིན་ཐབས་ལུ་ཨིན་མས།

མ་གཞི་ གཞུང་སྐྱོང་ཚོགས་པ་གིས་ སྐུལ་བསྒྲགས་འབད་བའི་སྐབས་ལས་ར་ སློབ་དཔོན་དང་ སློབ་ཕྲུག་ཚུ་ལས་ ངོས་ལེན་ལེགས་ཤོམ་བྱུང་མི་དེ་ཡང་ རེས་གཟའ་ཉི་མ་ལུ་ སློབ་སྟོན་མེདཔ་བཟོ་བ་ཅིན་ ཉིན་གྲངས་༥ འི་རིང་ སློབ་ཁང་ཚུ་ནང་ སློབ་སྟོན་དང་ ལྷབ་སྦྱང་འབད་མི་ཚུ་ དྲན་ཚོར་དང་ བསམ་ཞིབ་འབད་ནི་དང་ ངལ་གསོ་སྡོད་ནི་གི་ དུས་ཚོད་ཡང་ འཐོབ་ནི་ཨིན་མི་ལུ་བརྟེན་ཨིན་མས།

སློབ་ཕྲུག་ཚུ་གི་དོན་ལུ་ སློབ་གྲྭ་ནང་ འགྱོ་མ་དགོཔ་ད་ སེམས་དགའ་དགོ་པའི་ གཞི་གནད་ཅིག་ཨིན་རུང་ དེ་བ་ལྷགཔ་སྦེ་ བལྟ་དགོཔ་ཡོདཔ་ད་ ག་འཆརཔ་ཟེར་བ་ཅིན་ རེས་གཟའ་ཉི་མ་ལུ་ སློབ་སྟོན་མེདཔ་བཟོ་བ་ཅིན་ ཟླཝ་༡ ནང་ སློབ་སྟོན་དུས་ཚོད་ཉིན་གྲངས་༤ དང་ ཟླཝ་༩ ནང་ ཉིན་གྲངས་༣༦ ལྷགཔ་ཅིག་ ཆད་ནི་ཨིནམ་ལས་ དེ་གི་སྐོར་ མནོ་བསམ་གཏང་དགོཔ་འདུག།

ད་རེས་ནངས་པར་ རེས་གཟའ་ཉི་མ་ལུ་ ཉིན་ཕྱེད་ཀྱི་རིང་ སློབ་སྟོན་འབད་སྲོལ་ཡོད་རུང་ སློབ་དཔོན་ཚུ་གིས་ ཆོས་ཚན་ཡོངས་རྫོགས་སྦེ་ སློབ་སྟོན་འབད་ནི་ལུ་ ལཱ་ཁག་བཏངམ་ཨིན་མས།

ལོ་ངོ་༢ ཀྱི་ཧེ་མར་ གཞུང་གིས་ སློབ་ཡུན་དུས་ཚོད་དེ་ བདུན་ཕྲག་༢ དེ་ཅིག་ བསྟུམས་བཏངམ་ད་ སྤྱིར་བཏང་སློབ་གྲྭ་ཚུ་གི་གྲས་ལས་ དམིགས་བསལ་དུ་ འབྲིང་རིམ་སློབ་གྲྭ་བར་མ་དང་ ཆེ་བ་ཚུ་ནང་ སློབ་སྟོན་གྱི་ དུས་ཚོད་ལངམ་སྦེ་ མི་འཐོབ་འོང་ཟེར་ ཚ་གྱང་བཤད་མི་དང་ རྒྱབ་འགལ་འབད་མི་ ཐོན་ཡོད་མི་དེ་ཡང་ སློབ་སྟོན་གྱི་ དུས་ཚོད་ཉིན་གྲངས་༡༨༠ ཡོད་མི་དེ་གིས་ཡང་ ཆོས་ཚན་ཡོངས་རྫོགས་སྦེ་ སློབ་སྟོན་འབད་ཚུགས་པར་ ལཱ་ཁག་ཡོད་ནི་དེ་གིས་ཨིན་མས།

ད་ལས་ཕར་ རེས་གཟའ་ཉི་མ་ལུ་ སློབ་སྟོན་གྱི་ དུས་ཚོད་མེདཔ་བཟོ་ནིའི་ ཐབས་ལམ་ལག་ལེན་འཐབ་པ་ཅིན་ ཆོས་ཚན་མཇུག་བསྡུ་མ་ཚུགས་པའི་གདོང་ལེན་ ཧེང་སྐལ་ར་ འབྱུང་ཉེན་ཡོདཔ་ད་ སློབ་སྟོན་འབད་བའི་སྐབས་ ཆོས་ཚན་ཚུ་ དུས་ཚོད་ཁར་ མཇུག་བསྡུ་ནིའི་དོན་ལུ་ འཚབ་འཚབ་རིལ་རི་སྦེ་མེན་པར་ སློབ་ཕྲུག་ཚུ་གིས་ གོ་དོན་ལེགས་ཤོམ་ ལེན་ཚུགསཔ་སྦེ་ སློབ་སྟོན་འབད་ནི་དེ་ ག་ནི་བ་གལ་ཆེ།

ད་རེས་ སློབ་གྲྭ་ཚུ་ནང་ ཤེས་རིག་གི་ སྤུས་ཚད་མར་ཉམས་དང་ སློབ་དཔོན་ཚུ་ དགོངས་ཞུ་འགྱོ་མི་དེ་གིས་ སློབ་སྟོན་ལུ་ ཐོ་ཕོག་པའི་ ནམ་དུས་ལུ་ དལ་ཁོམ་གྱི་ དུས་ཚོད་ལུ་ གཙོ་རིམ་བཟུང་པ་ཅིན་ ཤེས་རིག་ལམ་ལུགས་ལུ་ ལྷག་པར་དུ་ ཐོ་ཕོག་ནི་བཟུམ་མཐོངམ་མས།

གཞུང་གིས་ རེས་གཟའ་ཉི་མ་ལུ་ སློབ་སྟོན་མེདཔ་བཟོ་ནི་གི་ ཐུགས་ཐག་བཅད་པ་ཅིན་ ང་བཅས་རའི་ ཤེས་རིག་རྩ་གཞུང་དེ་ར་ བསྐྱར་བཀོད་དང་ ཡང་ཅིན་ སློབ་དེབ་ནང་ འོས་འབབ་མེད་པའི་ ནང་དོན་ཚུ་ ལེགས་བཅོས་མ་འབད་བ་ཅིན་ གྲོས་ཆོད་དེ་གིས་ གནོད་པ་མ་གཏོགས་ ཤེས་རིག་གི་ སྤུས་ཚད་ཡར་དྲག་གཏང་ནི་ལུ་ ལྷན་ཐབས་འབྱུང་མི་ཚུགས།

ཤེས་རིག་ལམ་ལུགས་ནང་ ཁག་ཆེ་ཤོས་ར་ རྒྱལ་ཁབ་ཀྱི་ མ་འོངས་གནས་སྟངས་ བདག་འཛིན་འཐབ་མི་ ན་གཞོན་བུཚ་དང་ བུམོ་ཚུ་ལུ་ སྤུས་ཚད་ལྡན་པའི་ ཤེས་རིག་ཡོན་ཏན་བྱིན་ནི་དེ་ གལ་གནད་ཅན་ཅིག་ཨིནམ་ད་ གལ་སྲིད་ གཞུང་གསརཔ་རེ་དབུ་བརྙེསཔ་ད་ ཤེས་རིག་ལམ་ལུགས་ཚར་རེ་ བསྒྱུར་བཅོས་འབད་བ་ཅིན་ མཐའན་མཇུག་ལུ་ འབྲུག་གི་ཤེས་རིག་ལམ་ལུགས་ རྒྱུན་བརྟན་མི་འོང་ནི་དང་ ང་བཅས་རའི་ ཨ་ལོ་ཚུ་ལུ་ ཤེས་ཡོན་སྤུས་ཚད་ཅན་སྦེ་ བྱིན་མི་ཚུགས།

འདི་འབདཝ་ལས་ ད་ལྟོ་ ཐུགས་ཐག་མ་བཅད་པའི་ སྔ་གོང་ལས་ ཕན་གནོད་གཉིས་ཆ་ར་ མཐིལ་ཕྱིན་སྦེ་ བལྟ་ནི་དེ་གལ་ཆེ།

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *