ཤེས་རིག་ལྷན་ཁག་གིས་ ཨེསི་ཨེམ་ཡུ་མཐོ་རིམ་སློབ་ཕྲུག་ཚུ་ལུ་ གོ་བརྡ་མ་སྤྲོད་པའི་ཁ་ཉེས།

༉ རྒྱ་གར་གེང་ཏོག་ལུ་ཡོད་མི་ སི་ཀིམ་མ་ནི་པཱལ་གཙུག་ལག་སློབ་སྡེ་ (ཨེསི་ཨེམ་ཡུ) ལས་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ཚུ་གིས་ ད་ལྟོ་ ཁོང་ཆ་ཁྱབ་ ནང་དོག་སི་སིའི་ གནས་སྟངས་ནང་ ཚུད་མི་དེ་ ཤེས་རིག་ལྷན་ཁག་གི་ ཁ་ཐུག་ལས་ སློབ་ཕྲུག་ཚུ་ལུ་ གོ་བརྡ་མ་སྤྲོད་པའི་ སྐྱོན་ལུ་བརྟེན་ཨིན་ཟེར་ བཤདཔ་ཨིན་པས།
ཨེསི་ཨེམ་ཡུ་གི་ མཐོ་རིམ་སློབ་ཕྲུག་བརྒྱ་ཕྲག་ལས་བཅད་མི་ཚུ་གིས་ ན་ཧིང་ ཁོང་གི་མཐོ་རིམ་ཤེས་ཚད་དེ་ དུས་རྒྱུན་དུ་ མཐོ་རིམ་སློབ་གྲྭ་ནང་ ཤེས་ཡོན་མ་སྦྱང་པར་ ཐག་རིང་གི་ཐོག་ལས་ ཤེས་ཡོན་སྦྱང་ཡོད་པའི་ ལག་ཁྱེར་ཨིནམ་ ཤེས་རྟོགས་བྱུང་ཞིནམ་ལས་ཚུར་ ཁོང་གི་གནས་སྟངས་དེ་ ཏན་ཏན་མེདཔ་ བཟོ་དཔ་ཨིན་པས།
རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་དང་ འབྲུག་གི་བཙག་འཐུ་ལྷན་ཚོགས་གཉིས་ཆ་ར་ལས་ ཐག་རིང་ཤེས་ཡོན་གྱི་ ལག་ཁྱེར་འཆང་མི་ཚུ་ལུ་ ངོས་འཛིན་མེདཔ་ཨིན་པས།
ལག་ཁྱེར་ལུ་བརྟེན་ ཐོ་ཕོག་མི་ མཐོ་རིམ་ཤེས་ཡོན་མཐར་འཁྱོལ་མི་ཚུ་གིས་ སླབ་མིའི་ནང་ ཁོང་གིས་ ཤེས་ཡོན་སྦྱང་མིའི་ ལམ་ལུགས་ཧ་མ་གོཝ་ལས་ ཤེས་རིག་ལྷན་ཁག་གིས་ མཐོ་རིམ་ཤེས་ཡོན་སྦྱང་པར་ རྒྱ་གར་ལུ་འགྱོ་མི་ སློབ་ཕྲུག་ཚུ་ལུ་ གོ་བརྡ་སྤྲོད་དགོཔ་སྡོད་ནུག་ཟེར་ཨིན་པས།
སྤྱི་ལོ་༢༠༡༠ ལུ་ མཐོ་རིམ་ཤེས་ཚད་མཇུག་བསྡུ་མི་ བསོད་ནམས་རྒྱ་མཚོ་གིས་ མ་གཞི་ གཞུང་གི་ལས་སྡེ་ལ་ལོ་ཅིག་གིས་ ཤེས་ཡོན་ལམ་ལུགས་དེ་ ཐག་རིང་ཤེས་ཡོན་ཨིནམ་ ཤེས་རྟོགས་བྱུང་ཡོད་རུང་ ང་བཅས་ལུ་ དེ་གི་སྐོར་ལས་ བརྡ་དོན་མ་སྤྲོད་ཟེར་ བཤདཔ་ཨིན་པས།
ཨེསི་ཨེམ་ཡུ་གིས་ འབྲུག་ལུ་ ཤེས་རིག་གི་ འགྲེམས་སྟོན་འགོ་འདྲེན་འཐབ་ད་ བཅའ་མར་གཏོགས་ཡོད་རུང་ ཤེས་རིག་ལྷན་ཁག་འོག་གི་ ལས་སྡེ་ཚུ་གིས་ དུས་ཐོག་ལུ་ བཀག་འཛིན་མ་འབད་བས་ཟེར་ ཁོ་གིས་ བཤདཔ་ཨིན་པས།
ཐོ་ཕོག་མི་ཚུ་གིས་འབད་བ་ཅིན་ འབྲུག་ངོ་སྦྱོར་ཚོགས་སྡེ་གིས་ ཐག་རིང་ཤེས་ཡོན་ལག་ཁྱེར་ལུ་ ངོས་ལེན་མེད་པའི་སྐོར་ སྤྱི་ལོ་༢༠༡༦ ལུ་རྐྱངམ་གཅིག་ གསལ་བསྒྲགས་འབད་ཡི་ཟེར་ཨིན་པས།
སྤྱི་ཟླ་༨ པའི་ཚེས་༤ ལུ་ བརྡ་བརྒྱུདཔ་ཚུ་དང་ ཞལ་འཛོམས་འཚོགས་པའི་སྐབས་ ཤེས་རིག་བློན་པོ་ ནོར་བུ་དབང་ཕྱུག་ལུ་ ཤེས་རིག་ལྷན་ཁག་གིས་ ཨེསི་ཨེམ་ཡུ་གཙུག་ལག་སློབ་སྡེའི་ མཐོ་རིམ་ཤེས་ཚད་ལུ་ ངོས་ལེན་མེད་པའི་སྐོར་ སློབ་ཕྲུག་ཚུ་ལུ་ ག་ཅི་སྦེ་ བརྡ་དོན་མ་སྤྲོདཔ་ཨིན་ན་ཟེར་ དྲི་བ་ཞུ་མི་དེ་ལུ་ ལན་གསལ་གནང་མ་བཏུབ།
ན་ལོན་དང་ ཆེ་རིམ་ཤེས་རིག་ལས་ཁུངས་ཀྱི་ ལས་རིམ་གཙོ་འཛིན་འགོ་དཔོན་ ཨེན་བི་རའི་ཀ་གིས་ སླབ་མིའི་ནང་ ད་ལྟོ་ དཀའ་ངལ་ཐོན་མི་དེ་ལུ་ ལས་ཁུངས་དང་ ལྷན་ཁག་ལུ་ ཁ་གཏང་ནི་དེ་ རྣམ་དག་དང་ འོས་ལྡན་ཅིག་ མི་མཐོངམ་མས་ཟེར་ཨིནམ་ད་ ཁོང་གིས་ ང་བཅས་འབད་སར་ འོང་ཡོད་པ་ཅིན་ བསླབ་བྱ་བྱིན་བྱིནམ་འོང་ཟེར་ ཁོ་གིས་ བཤད་པའི་ཁར་ གནད་དོན་དེ་གི་སྐོར་ལས་ ལས་ཁུངས་ཀྱིས་ བརྡ་བརྒྱུད་ཐོག་ལས་ སློབ་ཕྲུག་ཚུ་ལུ་ གོ་བརྡ་སྤྲོད་ཅི་ཟེར་ བཤདཔ་ཨིན་པས།
ཨེན་བི་རའི་ཀ་གིས་འབད་བ་ཅིན་ ཨེསི་ཨེམ་ཡུ་གཙུག་ལག་སློབ་སྡེ་གིས་ ཐག་རིང་ཤེས་ཡོན་བྱིན་པའི་སྐོར་ ལས་ཁུངས་ལུ་ ཤེས་རྟོགས་བྱུང་ཡོདཔ་མ་ཚད་ སློབ་ཕྲུག་ཚུ་གིས་ ལས་ཁུངས་ནང་འོང་སྟེ་ དྲི་བ་རེ་ བཀོད་ཡོད་པ་ཅིན་ ད་ལྟོའི་ དཀའ་ངལ་དེ་ མ་ཐོནམ་འོང་ཟེར་ཨིན་པས།
སྤྱི་ལོ་༢༠༡༥ ཚུན་ཚོད་ གཙུག་ལག་སློབ་སྡེ་དེ་གིས་ མཐོ་རིམ་ཤེས་ཚད་ལག་ཁྱེར་ཚུ་ནང་ ཤེས་ཡོན་ལམ་ལུགས་ག་ཅི་སྦྱང་ཡོདཔ་ཨིན་ན་ གསལ་བཀོད་མ་འབད་མི་ལུ་བརྟེན་ ཐག་རིང་ཤེས་ཡོན་ཐོག་ལས་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ ལ་ལོ་ཅིག་གིས་ ཞི་གཡོག་ནང་ འཛུལ་ནི་དང་ སྔོན་འགྲོའི་བཙག་འཐུ་ཚུ་ནང་ དོ་འགྲན་འབད་ནི་གི་ གོ་སྐབས་ཐོབ་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༦ ལུ་རྐྱངམ་གཅིག་ རྒྱ་གར་གྱི་ ཚད་འཛིན་དབང་འཛིན་གྱིས་ ཐག་རིང་ཤེས་ཡོན་སྦྱང་ནི་གི་ གོ་སྐབས་བྱིན་མི་ གཙུག་ལག་སློབ་སྡེ་ཆ་མཉམ་གྱིས་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་གྱི་ ལག་ཁྱེར་ཚུ་ནང་ ཤེས་ཡོན་ག་ཅི་བཟུམ་ སྦྱང་ཡོདཔ་ཨིན་ན་ ངེས་པར་དུ་ གསལ་བཀོད་འབད་དགོ་པའི་ ལམ་ལུགས་བཟོ་ནུག་ཟེར་ ཨེན་བི་རའི་ཀ་གིས་ བཤདཔ་ཨིན་པས།
ཐོ་ཕོག་མི་ མཐོ་རིམ་ཕྲུག་སློབ་མང་ཤོས་ར་ ཀ་ལིམ་སྤོང་ལུ་ཡོད་མི་ བི་བི་པར་དཱན་འཛིན་སྐྱོང་མཐོ་རིམ་སློབ་གྲྭ་ནང་ལས་ མཐར་འཁྱོལ་མི་ཚུ་ཨིནམ་ད་ མཐོ་རིམ་སློབ་གྲྭ་དེ་ནང་ ཤེས་ཡོན་ལྷབ་མི་ སློབ་ཕྲུག་མང་ཤོས་ར་ འབྲུགཔ་ཨིན་ཟེར་ སྤྱི་ལོ་༢༠༡༦ ལུ་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ རྣམ་རྒྱལ་བསྟན་འཛིན་གྱིས་ བཤདཔ་ཨིན་པས།
ཁྲོམ་དཔོན་གྱི་ བཙག་འཐུའི་ནང་ བཅའ་མར་གཏོགས་ནིའི་དོན་ལུ་ ཨེསི་ཨེམ་ཡུ་ལས་ མཐར་འཁྱོལ་མི་ ཧཱ་ལས་ ཨམ་སྲུ་༢ ཀྱིས་ སྤྱི་ལོ་༢༠༡༦ ལུ་ འབྲུག་ངོ་སྦྱོར་ཚོགས་སྡེ་ལས་ མཐོ་རིམ་ཤེས་ཚད་ལག་ཁྱེར་གུ་ ངོས་འཛིན་ཡོད་པའི་ ངོ་སྦྱོར་ལེན་ནི་འབད་བའི་སྐབས་ ཁོང་གི་ཤེས་ཚད་དེ་ ཐག་རིང་ཤེས་ཡོན་ཐོག་ལས་ སྦྱངས་ཡོད་པའི་ ཤེས་རྟོགས་བྱུངམ་ད་ རྣམ་རྟོག་ལང་དགོཔ་བྱུང་ཡོད་པའི་གནས་ཚུལ།

About admin

Check Also

དངུལ་ཁང་ཚུ་གིས་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ ཆ་མེད་བཏང་དོ་ཡོདཔ།

༉ ལྟ་བཤལཔ་ཚུ་གིས་ ཚར་ལེ་ཤ་ཅིག་ཁར་ འབྲུག་ལུ་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ སྐྱོད་ཐམ་དང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ བཏབ་ནིའི་དོན་ལུ་ དཔའ་བཅམ་ཡོད་རུང་ བརྗེ་སོར་འབད་མི་བཏུབ་དོ་ཡོདཔ་ལས་ ལྟ་བཤལཔ་ཚུ་ རྣམ་རྟོག་ལང་རུང་ འབད་ཐབས་གཞན་མེདཔ་ཨིན་པས། རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ དངུལ་བརྒྱ་ཆ་༥༠ …

Leave a Reply

Your email address will not be published. Required fields are marked *