༉ སྤྱི་ཟླ་༧ པའི་ཚེས་༤ གི་ ཕྱི་རུའི་ཆུ་ཚོད་༦ དེ་ཅིག་ལུ་ ཨའི་ཌབ་ལུ་པི་ཟེར་ སློབ་དཔོན་ཚུ་གི་ རང་སོའི་ལས་འཆར་སྐོར་ལས་ ཞིབ་དཔྱད་འབད་བའི་ གྲུབ་འབྲས་ཚུ་ ཤེས་རིག་བློན་པོ་ ནོར་བུ་དབང་ཕྱུག་གིས་ ཤེས་རིག་བྷུ་ཊཱན་ཟེར་མི་ ཤེས་རིག་ལྷན་ཁག་གི་ གཞུང་འབྲེལ་ཕེགསི་བུག་ཐོག་ལས་ རྒྱལ་ཁབ་ཀྱི་ སློབ་དཔོན་ཚུ་ལུ་ གསལ་བཀོད་འབད་ནུག།
ཞིབ་དཔྱད་དེ་ཡང་ སློབ་དཔོན་ཚུ་ལུ་ རང་སོའི་ལཱ་གི་ འཆར་གཞི་དེ་གིས་ སྟབས་མ་བདེཝ་ཐོན་མི་ལུ་བརྟེན་ བློན་ཆེན་ཚེ་རིང་སྟོབས་ཀྱིས་ ཤེས་རིག་ལྷན་ཁག་ལུ་ གནད་དོན་དེ་ལུ་ བསྐྱར་ཞིབ་འབད་དགོཔ་སྦེ་ བཀའ་གནང་མི་དང་འཁྲིལ་ ལས་བྱེད་ཚོགས་ཆུང་ཅིག་ གཞི་བཙུགས་འབད་དེ་ ཟླཝ་༡ གི་རིང་ལུ་ བསྐྱར་ཞིབ་འབད་བའི་ སྙན་ཞུ་དེ་ གྲ་སྒྲིག་སོང་ནུག།
ཤེས་རིག་བློན་པོ་གིས་ མི་སྡེ་བརྡ་བརྒྱུད་ཐོག་ལས་ སློབ་དཔོན་ཚུ་ལུ་ བཤད་མིའི་ནང་ ད་རེས་ འཆར་གཞི་ལུ་བརྟེན་ སློབ་དཔོན་ཚུ་ལུ་ གདོང་ལེན་བྱུང་མི་ཚུ་ སེལ་ཐབས་འབད་ནི་ལུ་ གྲོས་འདེབས་ཁག་༢ བཀོད་མི་དེ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ལུ་ ཕུལ་ནི་ཟེར་ཨིན་པས།
གྲོས་འདེབས་དེ་ཚུ་ འོས་འབབ་ཡོད་པ་ཅིན་ རང་སོའི་ལས་འཆར་འཛིན་སྐྱོང་འཐབ་ནིའི་ འགན་འཁྲི་དེ་ ཞི་གཡོག་ལྷན་ཚོགས་ཀྱིས་ ལྷན་ཁག་ལུ་ གནང་དགོཔ་དང་ ཨའི་ཌབ་ལུ་པི་ནང་ ལག་ལེན་ཁྱབ་དབང་༦ ཡོད་མི་ལས་ སློབ་དཔོན་གྱི་ འགན་འཁྲི་དེ་ རྩ་གཞུང་མཁོ་སྤྲོད་དང་ བརྟག་ཞིབ་ཆ་ཚང་རྐྱངམ་གཅིག་ འཆར་གཞི་གཙོ་ཅན་སྦེ་ བཞག་ཡོདཔ་ཨིན་པས།
ཤེས་རིག་བློན་པོ་གིས་འབད་བ་ཅིན་ གལ་སྲིད་ ལྷན་ཚོགས་ཀྱིས་ འཆར་གཞི་འཛིན་སྐྱོང་གི་ དབང་ཚད་དེ་ ལྷན་ཁག་ལུ་ བྱིན་པ་ཅིན་ སྤྱིར་བཏང་ལམ་སྟོན་ལུ་ གཞི་བཞག་ཐོག་ལས་ འཛིན་སྐྱོང་འཐབ་ཚུགས་ཟེར་ཨིནམ་ད་ སློབ་དཔོན་ཚུ་གི་ བརྩོན་ཤུགས་དེ་ཡང་ སློབ་སྟོན་འབད་ནི་ལས་ ཁ་བསྒྱུར་མི་འགྱོ་ནི་གི་ ཁེ་ཕན་ཡོད་ཟེར་བཤད་ནུག།
ལས་བྱེད་ཚོགས་ཆུང་གིས་ རྫོང་ཁག་༡༡ དང་ ཁྲོམ་སྡེ་༣ གྱི་ སློབ་དཔོན་༨༨༧ དང་ སློབ་གྲྭའི་ལས་བྱེདཔ་༡༦༡ དེ་ལས་ དབུ་འཛིན་༧༤ དེ་ཅིག་དང་ཕྱད་དེ་ སློབ་དཔོན་ཚུ་གི་ རང་སོའི་ལས་འཆར་སྐོར་ གྲོས་བསྟུན་འབད་ནུག།
སློབ་དཔོན་ཚུ་གི་ དཀའ་ངལ་སེལ་ཐབས་ལུ་ འཆར་གཞིའི་ངོ་མ་ ཁྱབ་དབང་དང་ རྩ་གཞུང་མཁོ་སྤྲོད་ དེ་ལས་ བརྟག་ཞིབ་ཆ་ཚང་ནང་ སྐུགས་ཚད་བརྒྱ་ཆ་༢༥ རེ་སྦེ་ བཞག་ཡོདཔ་ད་ ཁྱབ་དབང་གཞན་ནང་ བརྒྱ་ཆ་༥ ལས་བརྒལ་མེདཔ་ལས་ དེ་ནང་ སློབ་དཔོན་ཚུ་གིས་ ལཱ་འབད་དགོཔ་ མངམ་མི་འབྱུང་ནིའི་དོན་ལུ་ སློབ་སྟོན་འབད་ནི་ བརྩོན་ཤུགས་སྦོམ་ བསྐྱེད་ཚུགས་ནི་ལུ་ ལྷན་ཐབས་འབྱུང་ཚུགས་ཟེར་ཨིན་པས།
ཧེ་མ་འབད་བ་ཅིན་ ཁྱབ་དབང་ག་ར་ དབྱེ་བ་མེད་པར་ སྐུགས་ཚད་ཅོག་འཐདཔ་སྦེ་ བྱིན་ཏེ་སྡོད་ནུག།
སློབ་དཔོན་ཚུ་ལུ་ རྩ་གཞུང་མཁོ་སྤྲོད་དང་ བརྟག་ཞིབ་ཆ་ཚང་ལུ་ བརྩོན་ཤུགས་བསྐྱེད་བཅུག་དགོཔ་དེ་ ཁག་ཆེ་ཟེར་ ཤེས་རིག་བློན་པོ་གིས་ བཀོད་པའི་ཁར་ ད་རེས་ སྐུགས་ཚད་དེ་ བསྒྱུར་བཅོས་འབད་མི་དེ་གིས་ སློབ་དཔོན་ཚུ་ལུ་ སློབ་སྟོན་འབད་ནི་ལུ་ གཙོ་རིམ་སྒྲིག་ཚུགས་ཟེར་ བཀོད་ནུག།
སློབ་གྲྭའི་དབུ་འཛིན་དང་ དབུ་འཛིན་འོགམ་ ལས་བྱེདཔ་ དེ་ལས་ བསླབ་སྟོན་པ་ཚུ་གི་ སྐུགས་ཚད་ཚུ་ཡང་ རང་སོའི་འགན་འཁྲི་དང་འཁྲིལ་ཏེ་ སོ་སོ་སྦེ་ བཟོ་སྟེ་ཡོད་ཟེར་ བློན་པོ་ནོར་བུ་དབང་ཕྱུག་གིས་ བཤད་པའི་ཁར་ འཆར་གཞི་ནང་ ལཱ་གི་གྲུབ་འབྲས་དེ་ སློབ་གྲྭ་ནང་ ཧེ་མ་ལས་ཡོད་མི་ཚུ་ ལག་ལེན་འཐབ་དགོཔ་སྦེ་ བཟོ་ཡོད་མི་དེ་ཡང་ དཔེར་ན་ སློབ་ཕྲུག་ཚུ་གི་ སྐུགས་ཚད་དང་ སློབ་ཚན་འཆར་གཞི་ལ་སོགས་པ་ཚུ་ ཧེ་མ་ལས་ཡོདཔ་ལས་ གསརཔ་བཟོ་དགོཔ་མེད་ཟེར་ཨིན་པས།
དེ་ལས་ སྐུགས་ཚད་ཀྱི་ཐད་ལུ་ སློབ་གྲྭའི་དབུ་འཛིན་ཚུ་གིས་འབད་མི་ སྐུགས་ཚད་ལུ་ ཆ་གནས་འབད་ཞིནམ་ལས་ ཧེ་མ་བཟུམ་སྦེ་ སློབ་དཔོན་མཐུན་རྐྱེན་ལྟེ་བའི་ནང་ མི་གཏང་ནི་ཨིནམ་ད་ སློབ་དཔོན་ག་དེམ་ཅིག་གིས་ ཁྱད་འཕགས་ཀྱི་ སྐུགས་ཐོབ་ཡོདཔ་ཨིན་ན་ སློབ་གྲྭ་ནང་ ལག་ལེན་འཐབ་མི་ ལས་འབྲེལ་འཛིན་སྐྱོང་ལམ་ལུགས་དང་ རག་ལས་ནི་ཨིནམ་ལས་ དབུ་འཛིན་ཚུ་གིས་ ངོས་འཛིན་འབད་འོང་ཟེར་བཀོད་ནུག།
ཁྱད་འཕགས་ཐོན་མི་ སློབ་དཔོན་གྱི་ མིང་ཐོ་ཚུ་ རྫོང་ཁག་དང་ ཁྲོམ་སྡེ་ནང་ཕུལ་སྟེ་ ཞིབ་དཔྱད་ཐོག་ལས་ ལྷན་ཁག་ལུ་ སྙན་ཞུ་ཕུལ་བའི་ཤུལ་ལས་ ཞི་གཡོག་ལྷན་ཚོགས་ལུ་ ཕུལ་འོང་ཟེར་ ཤེས་རིག་བློན་པོ་གིས་ སློབ་དཔོན་ཚུ་ལུ་ བཤད་ནུག།
ཁྱད་འཕགས་དང་ ལེགས་ཤོམ་ཐོབ་མིའི་ཐད་ཁར་ སློབ་གྲྭ་ནང་ སྐུགས་བྱིན་མི་ ཚོགས་ཆུང་དང་ དབུ་འཛིན་གྱིས་ བྱིན་མི་དེ་ལུ་ ངོས་ལེན་འབད་དགོཔ་མ་ཚད་ རྫོང་ཁག་དང་ ཞི་གཡོག་ལྷན་ཚོགས་ལུ་ མ་ཕུལ་བར་ སློབ་གྲྭའི་གནས་ཚད་ནང་ བཞག་ནི་ཨིན་པས།
ལེགས་བཅོས་ཀྱི་དོན་ལུ་ དམིགས་དོན་དང་ ཁྱད་ཆོས་༢ ལྷན་ཚོགས་ལུ་ ཕུལ་ནི་ཨིན་མི་དེ་ཡང་ གལ་སྲིད་ སློབ་དཔོན་ཚུ་གིས་ འཆར་གཞིའི་དམིགས་གཏད་ བརྒྱ་ཆ་༥༠ ཐོབ་མ་ཚུགས་པ་ཅིན་ ལེགས་བཅོས་ཀྱི་གྲངས་སུ་ བཙུགས་ནི་དང་ སློབ་དཔོན་ཚུ་ ཆང་དང་ ཤོ་ཏ་ཟི་རེ་ རྩེ་སྡོད་པའི་ཁར་ ལྷན་ཚོགས་ཀྱི་ བཅའ་ཁྲིམས་ལ་སོགས་པ་ཚུ་ལས་ འགལ་བ་ཅིན་ ལེགས་བཅོས་དབྱེ་ཁག་ནང་བཙུགས་ནིའི་ གྲོས་འཆར་དེ་ ལྷན་ཚོགས་ལུ་ ཕུལ་ནི་ཨིན་པས།
གྲོས་འདེབས་ཕུལ་མི་ཚུ་ ལྷན་ཚོགས་ཀྱིས་ ངོས་ལེན་འབད་འོང་མནོ་བའི་ རེ་བ་སྐྱེད་དོ་ཟེར་ ཤེས་རིག་བློན་པོ་གིས་ བཤད་པའི་ཁར་ སློབ་གྲྭ་དང་ སློབ་དཔོན་ཚུ་གི་ ལས་འབྲེལ་འཛིན་སྐྱོང་འབད་ནི་དེ་ ལྷན་ཚོགས་དང་ ཤེས་རིག་ལྷན་ཁག་གི་ འགན་ཁུར་མེན་པར་ སློབ་གྲྭའི་དབང་འཛིན་གྱི་ འགན་ཁུར་ཨིནམ་ལས་ དྭངས་གསལ་ཐོག་ལས་ འཛིན་སྐྱོང་འབད་ནི་དེ་ སློབ་གྲྭ་ཚུ་ནང་ དབང་ཆ་བྱིན་སྟེ་ཡོད་ཟེར་ཨིན་པས།
ཤེས་རིན་བློན་པོ་གིས་འབད་བ་ཅིན་ ལྷན་ཁག་གིས་ ལྷན་ཚོགས་ལུ་ཕུལ་མི་ གྲོས་འདེབས་ཚུ་ལུ་བརྟེན་ ལྷན་ཚོགས་ཀྱི་ ཁ་ཐུག་ལས་ སློབ་དཔོན་ཚུ་གི་ རང་སོའི་ལས་འཆར་ཚུ་ རང་དབང་ཐོག་ལས་ འཛིན་སྐྱོང་འབད་ནི་དང་ ལཱ་གི་སྐུགས་ཚད་དེ་ ལྷན་ཁག་གིས་ འབད་ནི་ལུ་ གནང་བ་འགྲུབ་ནི་གི་ རེ་འདོད་ཡོད་ཟེར་ཨིན་པས།
ཨིན་རུང་ སྐུགས་ཚད་ག་དེ་སྦེ་ བྱིན་ནི་ཨིན་ནའི་ གནས་ཚད་བརྟག་དཔྱད་ འབད་ནིའི་དོན་ལུ་ ལྷན་ཚོགས་ལས་ གནང་བ་ ལེན་དགོཕ་བཞིན་དུ་ འཕྲལ་མགྱོགས་ར་ སློབ་གྲྭ་ཁག་ལས་ཕར་ རང་སོའི་ལས་འཆར་གྱི་དོན་ལུ་ བསྒྱུར་བཅོས་འབད་ཡོད་པའི་ ལམ་སྟོན་ཚུ་ བཀྲམ་སྤེལ་འབད་འོང་ཟེར་ཨིན་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།