ཤེས་རིག་ལྷན་ཁག་གིས་ འགོ་དཔོན་ཚུ་གི་གནས་སོར་ ཆ་མེད་བཏང་ཡོདཔ།

༉ ཤེས་རིག་ལྷན་ཁག་གིས་ དབུ་འཛིན་༡༢ དང་ རྫོང་ཁག་ཤེས་རིག་གཙོ་འཛིན་འགོ་དཔོན་༣ དེ་ལས་ ཁྲོམ་སྡེ་ཤེས་རིག་གཙོ་འཛིན་འོགམ་༡ བརྩིས་ཏེ་ མི་ངོམ་༡༦ གི་གནས་སོར་དེ་ ཆ་མེད་གཏང་དགོཔ་ ཐོན་ཡོདཔ་ཨིན་པས།
གནས་སོར་དེ་ཡང་ ལྷན་ཁག་འོག་གི་ མི་སྟོབས་ཚོགས་ཆུང་གིས་ ཆ་འཇོག་འབད་དེ་ ཤེས་རིག་ལྷན་ཁག་གི་ ཡོངས་འབྲེལ་འཆར་སྒོ་ནང་ སྤྱི་ཟླ་དང་པའི་ཚེས་༡༡ ལུ་ ཁྱབ་བསྒྲགས་འབད་ཡོདཔ་བཞིན་དུ་ སྤྱི་ཟླ་དང་པའི་ཚེས་༡༥ ལུ་ གནས་སྐབས་ཅིག་ བཀག་ཆ་འབད་ནུག།
ཤེས་རིག་ལྷན་ཁག་གི་ མི་སྟོབས་འགོ་དཔོན་ཚུ་གིས་ བཤད་མིའི་ནང་ མི་སྟོབས་ཚོགས་ཆུང་གིས་ དབུ་འཛིན་དང་ ཁྲོམ་སྡེ་ཤེས་རིག་གཙོ་འཛིན་འོགམ་ཚུ་གི་ གནས་སོར་དེ་ ཆ་མེད་བཏང་མི་དེ་ཡང་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ བསྐྱར་ཞིབ་བཅའ་ཡིག་དང་སྒྲིག་གཞི་༢༠༡༨ ཅན་མ་དང་འཁྲིལ་ཨིནམ་ལས་ གནད་དོན་གཞན་ ག་ནི་ཡང་མེད་ཟེར་ཨིན་པས།
ཁོང་གིས་འབད་བ་ཅིན་ མི་སྟོབས་ཚོགས་ཆུང་གིས་ གནས་སོར་དེ་ བཅའ་ཡིག་དང་སྒྲིག་གཞི་༢༠༡༨ གསར་བཏོན་མ་འབད་བའི་ཧེ་མར་ ཆ་འཇོག་འབད་ཡི་ཟེར་ཨིནམ་ད་ གནས་སོར་གཏང་ནིའི་དོན་ལུ་ ལྷན་ཚོགས་དང་གཅིག་ཁར་ གྲོས་བསྟུན་འབདཝ་ད་ ལྷན་ཚོགས་ཀྱིས་ བཅའ་ཡིག་གི་དོན་ཚན་༡༤ དང་འཁྲིལ་འབད་དགོ་པའི་ སྙན་ཞུ་འབད་བའི་ཤུལ་ལས་ ཆ་མེད་གཏང་དགོཔ་ བྱུང་ཡི་ཟེར་ཨིན་པས།
རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་བསྐྱར་ཞིབ་ བཅའ་ཡིག་དང་སྒྲིག་གཞི་༢༠༡༨ ཅན་མ་དེ་ཡང་ སྤྱི་ཟླ་དང་པའི་ནང་ གསར་བཏོན་འབད་ཡོདཔ་ཨིན་པས།
བསྐྱར་ཞིབ་བཅའ་ཡིག་དང་སྒྲིག་གཞི་༢༠༡༨ ཅན་མའི་ དོན་ཚན་༡༤ པའི་རྩ་ཚན་༤.༢ ནང་ འཁོད་མི་དང་འཁྲིལཝ་ད་ གནས་སོར་མ་བཏང་པའི་ སྔ་གོང་ལས་དང་ གནས་སོར་བཀའ་རྒྱ་མ་ལྷོད་པའི་ ཟླ་༦ གི་ཧེ་མ་ འབྲེལ་ཡོད་མི་སྟོབས་ལས་སྡེ་གིས་ ལཱ་འབད་སའི་ རྫོང་ཁག་དང་གཅིག་ཁར་ གྲོས་བསྟུན་འབད་ཐོག་ལས་ ལམ་སྟོན་དང་འཁྲིལ་ གནས་སོར་གཏང་ནིའི་དོན་ལུ་ འཆར་གཞི་ཚུ་ བརྩམ་དགོ་ཟེར་ཨིན་པས།
རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ བཅའ་ཡིག་དང་སྒྲིག་གཞི་༢༠༡༢ ཅན་མའི་ དོན་ཚན་༡༤ པའི་ རྩ་ཚན་༤.༢ དང་འཁྲིལཝ་ད་ ཞི་གཡོགཔ་ཚུ་ཡང་ རང་སོའི་ལཱ་གཡོག་གི་ སྡེ་རིམ་གྱི་ དབྱེ་ཁག་དང་འཁྲིལ་ཏེ་ སྤྱིར་བཏང་ས་གོ་དེ་ནང་ ལོ་༥ དེ་ཅིག་ ཕྱག་ཞུ་ཡོད་པ་ཅིན་ གནས་སོར་གཏང་དགོཔ་ད་ ཡང་ཅན་ དོན་ཚན་༡༤ རྩ་ཚན་༤.༦ དང་འཁྲིལ་ཏེ་འབད་དགོ་ཟེར་ འཁོད་དེ་འདུག།
སྤྱིར་བཏང་ ཞིགཡོགཔ་གི་ གནས་སོར་བཅའ་ཡིག་སྒྲིག་གཞི་དང་འཁྲིལཝ་ད་ འབྲེལ་ཡོད་མི་སྟོབས་ལས་སྡེ་ཚུ་གིས་ དྭངས་སེལ་ཐོག་ལས་ གནས་སོར་གཏང་ནིའི་དོན་ལུ་ གནས་སོར་ལམ་སྟོན་ཅིག་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ བཅའ་ཡིག་དང་སྒྲིག་གཞིའི་ བྱ་རིམ་དང་འཁྲིལ་ཏེ་ བཟོ་མི་དེ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ ཆ་འཇོག་འབད་དགོཔ་བཞིན་དུ་ དེ་གིས་ ཞི་གཡོག་པའི་ གོ་གནས་ཏན་ཏན་མེད་མི་ཚུ་ཡང་ ངོས་ལེན་འབད་དགོ་ཟེར་ཨིན་པས།
མི་མང་གི་ ཁེ་ཕན་ལུ་བལྟ་སྟེ་ ཚད་གཞི་དང་འཁྲིལ་ཏེ་ ཤེས་རིག་ལྷན་ཁག་གིས་ འགོ་ཁྲིདཔ་འཆང་མི་ དབུ་འཛིན་དང་ ཤེས་རིག་གཙོ་འཛིན་འགོ་དཔོན་ཚུ་ཡང་ རྫོང་ཁག་ལས་ རྫོང་ཁག་སོ་སོ་ཚུ་ནང་ གཏང་ནིའི་དོན་ལུ་ གདམ་འཐུའི་ལམ་ལུགས་དེ་ ད་རེས་ ལྷན་ཁག་གིས་ འགོ་དང་པ་ འབད་དོ་ཡོདཔ་ཨིན་པས།
གནས་སོར་བཏང་མི་ འགོ་ཁྲིདཔ་ཚུ་གིས་ སླབ་མིའི་ནང་ གནས་སོར་དེ་ཡང་ ཁོང་དང་གཅིག་ཁར་ གྲོས་བསྟུན་མ་འབད་བའི་ཁར་ ཤེས་རིག་བློན་པོ་གིས་ བཀག་ཆ་འབད་ཡོད་པའི་ ཉོགས་བཤད་བཀོད་དོ་ཡོདཔ་ཨིན་པས།
ལྷན་ཁག་གི་ མི་སྟོབས་འགོ་དཔོན་ཚུ་གིས་ བཤད་མིའི་ནང་ འགོ་ཁྲིདཔ་ཚུ་ལུ་ གནས་སོར་གྱི་སྐོར་ལས་ གྲོས་བསྟུན་མ་འབད་རུང་ ཁོང་གི་གནད་དོན་ལུ་ དོགས་སེལ་འབད་ནིའི་དོན་ལུ་ བརྒྱུད་འཕྲིན་འོང་ཡོདཔ་ལས་ ལྷན་ཚོགས་ཀྱི་ བསྐྱར་ཞིབ་བཅའ་ཡིག་དང་ སྒྲིག་གཞི་སྐོར་ལས་ ལེགས་ཤོམ་སྦེ་ར་ བཤད་བྱིན་ཡི་ཟེར་ཨིན་པས།
ད་ལས་ཕར་ གནས་སོར་གྱི་ གནས་དོན་ག་ཅི་ཨིན་རུང་ ལཱ་འབད་སའི་ འབྲེལ་ཡོད་ལས་སྡེ་ རྫོང་ཁག་ཚུ་ལས་བརྒྱུད་དེ་ འོང་དགོཔ་ཨིནམ་བཞིན་དུ་ ལམ་ལུགས་དེ་ཡང་ སློབ་དཔོན་ཚུ་གིས་ཡང་ ངོས་ལེན་འབད་དགོཔ་མ་ཚད་ ལྷན་ཁག་ག་ར་གིས་ཡང་ ངོས་ལེན་འབད་དགོཔ་ཨིན་པས།
ཤེས་རིག་ལྷན་ཁག་གིས་ གནས་སོར་གྱི་ ལམ་སྟོན་དེ་ཡང་ བཟོ་བའི་བསྒང་ཡོད་ཟེར་ཨིན་པས།
རྫོང་ཁག་ཚུ་གིས་ གནས་སོར་འགྱོ་འདོད་ཡོད་མི་ཚུ་དང་གཅིག་ཁར་ གྲོས་བསྟུན་འབད་དགོ་ཟེར་ཨིནམ་ད་ གལ་སྲིད་ དམིགས་བསལ་དུ་ འགོ་དཔོན་ག་ཨིན་རུང་ རྫོང་ཁག་ལས་ དགོཔ་ཡོད་པ་ཅིན་ ལྷན་ཁག་གིས་ ཆ་རོགས་འབད་འོང་ཟེར་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

གསོ་བའི་ཞབས་ཏོག་ ཡུན་བརྟན་བཞག་ནིའི་དོན་ལུ་ ཞབས་ཏོག་ཚུལ་མཐུན་ལེན་དགོཔ།

༉ འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ ད་ལྟོ་ རྒྱལ་ཁབ་ནང་ གསོ་བའི་ཞབས་ཏོག་ཚུ་ བར་མ་ཆད་པར་ རིན་མེད་སྟོང་པར་སྦེ་ སྤྲོད་བཞིན་དུ་ཡོད་རུང་ མ་འོངས་པར་ ཞབས་ཏོག་ཚུ་ ག་དེ་སྦེ་ ཡུན་བརྟན་བཞག་ཚུགས་འོང་ག་ཟེར་བའི་ ཚ་གྱང་ཡོདཔ་ཨིན་པས། མ་གཞི་ …

Leave a Reply

Your email address will not be published. Required fields are marked *