༉ ཤེས་རིག་ལྷན་ཁག་གིས་ འཆར་གཞི་༡༢ པའི་ནང་ སློབ་དཔོན་ཚུ་ ཁྱད་རིག་ཅན་བཟོ་ནི་གི་ ཐབས་ལམ་ཚུ་ལུ་ གཙོ་བོར་བཏོན་ནི་ཨིནམ་སྦེ་ གསལ་བསྒྲགས་འབད་ཡོདཔ་ད་ འཅཆར་གཞི་རྒྱ་ཆེཝ་སྦེ་ ཡོད་མི་ཚུ་གི་གྲས་ལས་༡ སློབ་དཔོན་ཚུ་ལུ་ མཐོ་རིམ་གོང་མའི་ཤེས་ཚད་ མཱསི་ཊར་དགོཔ་སྦེ་ བཟོ་ནི་དེ་ཨིན་མས།
ད་རུང་ ལྷན་ཁག་གིས་ སློབ་དཔོན་ཚུ་ལུ་ སྡོད་ཁྱིམ་གྱི་ མཐུན་རྐྱེན་དང་ ཁྱད་རིག་གོང་འཕེལ་གྱི་ སྦྱོང་བརྡར་བྱིན་ནི་ གློག་རིག་ལེབ་ཊོབ་ཚུ་ མཁོ་སྤྲོད་འབད་ནི་གི་ འཆར་གཞི་ཚུ་འདུག།
འདི་བཟུམ་མའི་ ཐབས་ལམ་བཏོན་མི་ཚུ་ ལེགས་ཤོམ་ཨིན་པའི་ཁར་ ཞིབ་འཇུག་འབད་དེ་ ལག་ལེན་འཐབ་ནི་ཨིན་པ་ཅིན་ ལྷག་པར་དུ་ ལེགས་ཤོམ་འགྱོ་ནི་གི་ གོ་སྐབས་ཡོདཔ་ད་ ཤེས་རིག་སྡེ་ཚན་ནང་ ལེགས་བསྒྱུར་གྱི་ ཐབས་ལམ་ལག་ལེན་འཐབ་ད་ སློབ་དཔོན་ཚུ་དང་ འབྲེལ་གནད་ཡོདཔ་སྦེ་ བཟོ་དགོཔ་མ་ཚད་ སློབ་དཔོན་ཚུ་ལུ་ རང་དབང་ཐོག་ ལཱ་འབད་བཅུག་མི་དེ་གིས་ ལོག་བསམ་ཞིབ་འབད་ནི་དང་ ཤེས་རིག་ལེགས་བསྒྱུར་འབད་ནི་དེ་ དེང་སང་འཕྲུལ་རིག་གི་ དུས་ཚོད་ནང་ འབྲེལ་གནད་ཅན་ བཟོ་ནི་ལུ་ ལྷན་ཐབས་འབྱུང་ཚུགས།
ཨིན་རུང་ ཤེས་རིག་སྡེ་ཚན་ནང་ ལག་ལེན་འཐབ་མི་ ཐབས་ལམ་ལ་ལོ་ཅིག་གི་ ཕན་གནོད་ཚུ་ བརྟག་ཞིབ་ཅིག་འབད་དགོཔ་ཡོད་མི་དེ་ཡང་ སྤྱི་ཟླ་༤ པའི་ཚེས་༤ ལུ་ ཤེས་རིག་ལྷན་ཁག་དང་ འབྲུག་གི་བརྡ་བརྒྱུདཔ་མཐུན་ཚོགས་གཉིས་ མཉམ་འབྲེལ་ཐོག་ལས་ སྦ་གསང་མེད་པའི་ ཤེས་རིག་གི་ གྲོས་བསྡུར་ལས་རིམ་ཅིག་ འགོ་འདྲེན་འཐབ་སར་ ཤེས་རིག་བློན་པོ་གིས་འབད་བ་ཅིན་ ཤེས་རིག་ལྷན་ཁག་གིས་ སློབ་དཔོན་༩,༠༠༠ ལུ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༡༠༠ བཏང་སྟེ་ དུས་ཡུན་ཆུ་ཚོད་༤༠ གི་རིང་ ཁྱད་རིག་གོང་འཕེལ་གྱི་ སྦྱོང་བརྡར་འགོ་དང་པ་ བྱིན་ཡི་ཟེར་ཨིན་མས།
དེ་འབདཝ་ལས་ སློབ་སྦྱོང་འདི་གིས་ སློབ་དཔོན་ཚུ་ལུ་བྱིན་མི་ རིག་རྩལ་དང་ ཡོན་ཏན་གྱི་ཐོག་ལས་ མི་སྡེ་བསྒྱུར་བཅོས་འགྱོ་མིའི་ནང་ སློབ་ཕྲུག་ཚུ་ལུ་ ཕན་ཁྱད་ག་དེ་སྦེ་ བྱུང་ཡོདཔ་ཨིན་ན? འདི་བཟུམ་མའི་ ཁྱད་རིག་སྦྱོང་བརྡར་བྱིན་མི་དེ་གིས་ སློབ་དཔོན་ཚུ་ དགོངས་ཞུ་འགྱོ་མ་བཅུག་པར་ བདག་སྲུང་སྦེ་ བཞག་ནི་ལུ་ ཕན་ཐབས་བྱུང་ཡོདཔ་ཨིན་ན? དེ་སྦེ་ དྲི་བ་བཀོད་དགོ་མི་དེ་ཡང་ ན་ཧིང་ ལྷན་ཁག་གིས་ སློབ་དཔོན་༣༤༥ དགོངས་ཞུ་བཏང་མི་དེ་ ཁྱད་རིག་སྦྱོང་བརྡར་བྱིན་པའི་ ནམ་དུས་ལུ་ཨིནམ་ལས་ འདས་པའི་ལོ་ངོ་བཅུ་ཕྲག་ནང་ སློབ་དཔོན་དགོངས་ཞུ་སོང་མི་དེ་ གྱངས་ཁ་མཐོ་ཤོས་ཅིག་ཨིན་མས།
ཤེས་རིག་གི་ གྲོས་བསྡུར་དེ་ཡང་ མ་འོངས་གནས་སྟངས་ ཁྱད་པར་བཟོ་ནིའི་དོན་ལུ་ ཤེས་ཡོན་བྱིན་ནི་ཟེར་བའི་ བརྗོད་དོན་ཐོག་ལུ་ འབད་བའི་ནམ་དུས་ལུ་ ང་བཅས་ཀྱིས་ ཤེས་རིག་ནང་ ལེགས་བསྒྱུར་ག་དེ་སྦེ་ འབག་འོང་ཚུགས་ག་ཟེར་ དྲི་བཀོད་འབད་དགོཔ་ གལ་ཆེ་མི་དེ་ཡང་ ད་ལྟོ་ ཤེས་རིག་ལུ་ གདོང་ལེན་སྦོམ་བྱུང་སྟེ་ཡོདཔ་ལས་ མ་འོངས་པ་ལུ་ དཀའ་ངལ་དང་ གདོང་ལེན་ག་ཅི་བཟུམ་ འབྱུང་ནི་ཨིན་ན་ བསམ་ཞིབ་འབད་དགོཔ་འདུག།
ཤེས་རིག་གི་ གྲོས་བསྡུར་ཚུ་ནང་ ལོ་རྒྱུས་ཐོན་མི་དང་ དྲི་བ་ཞུ་མི་ཚུ་ལུ་ བལྟ་བ་ཅིན་ ད་ཚུན་གྱི་བར་ན་ ཤེས་རིག་ནང་ ཡར་དྲག་སོང་ཡོདཔ་མ་ཚད་ ལམ་ལུགས་ཚུ་ཡང་ ལེགས་བསྒྱུར་སོང་ཡོདཔ་ཨིན་རུང་ མཐའ་ཟུར་གྱི་ སློབ་གྲྭ་ལ་ལོ་ཅིག་ནང་ བརྡ་དོན་ཡོངས་འབྲེལ་གྱི་ མཐུན་རྐྱེན་མེད་པའི་ཁར་ མོང་སྒར་རྫོང་ཁག་ རྩ་མང་སློབ་གྲྭ་ཆུང་བ་བཟུམ་ཅིག་ལུ་ ཆ་བཞག་པ་ཅིན་ བརྡ་དོན་འཕྲུལ་རིག་ཕར་བཞག་ སློབ་ཕྲུག་ཚུ་ལུ་ སློབ་སྟོན་འབད་སའི་ སློབ་ཁང་ཚུལ་ལྡན་མེད་པའི་ཁར་ ཉེན་སྲུང་ལྡན་པའི་ འཐུང་ཆུའི་མཐུན་རྐྱེན་དང་ གསང་སྤྱོད་ལེགས་ཤོམ་མེད་པའི་ གནས་སྟངས་ནང་སྡོད་དགོཔ་ བྱུང་མི་དེ་ སེམས་ཕམ་བྱུང་དགོ་པའི་ གཞི་གནད་ཅིག་ཨིན་མས།
འབྲུག་གིས་ མ་འོངས་པ་ལུ་ ཤེས་རིག་ཡོན་ཏན་ ལེགས་བསྒྱུར་ག་དེ་སྦེ་ འབད་ནི་ཨིན་ན་ བརྩོན་ཤུགས་བསྐྱེདཔ་དང་གཅིག་ཁར་ ད་ལྟོའི་གནས་སྟངས་ནང་ སློབ་སྟོན་འབད་ནི་དང་ ལྷབ་སྦྱང་འབད་ནི་ལུ་ བར་ཆད་བྱུང་མིའི་ དཀའ་ངལ་ཚུ་ སེལ་དགོཔ་དེ་ ག་ནི་བ་གལ་ཆེ།
Check Also
འགྲམ་ཕུག་ལས་ ལྷ་མོའི་རྫིང་ཁ་ཚུན་ འགྲུལ་སྐྱོད་འབད་བའི་སྐབས་ཀྱི་གནས་སྟངས།
༉ ལྷ་མོའི་རྫིང་ཁ་དེ་ མི་སྡེ་བརྡ་བརྒྱུད་ནང་མཐོངམ་ད་ ས་ཆ་དགའ་ཏོག་ཏོ་དང་ མཛེས་ཆ་དང་ལྡནམ་སྦེ་ མཐོང་པའི་ཁར་ ཕུན་ཚོགས་གླིང་གི་ ཉེ་འདབས་ལུ་ཨིན་པས། དར་དཀར་ནང་རྫོང་ཁག་ནང་ཆགས་མི་ ལྷ་མོའི་རྫིང་ཁ་ཁྲོམ་དེ་ རྒྱལ་ཁབ་ནང་ ཁྲོམ་རྙིང་ཤོས་ཅིག་ཨིན་པས། ཧེ་མ་འབད་བ་ཅིན་ ཁྲོམ་དེ་ནང་ དགེ་འདུ་ལས་ཡང་ …