ཤེས་རིག་ཡིག་ཚང་གིས་ དབྱེ་ཞིབ་བསྐྱར་ཞིབ་གཞི་བཀོད་ དམ་སྒྲིང་ཐོག་ གཅིག་མཚུངས་ལག་ལེན་འཐབ་དགོཔ།

༉ དུས་ཅི་ རྒྱལ་ཁབ་ནང་འཁོད་ཀྱི་ སློབ་གྲྭ་ཚུ་ནང་ལས་ སློབ་རིམ་༤ པ་ལས་༡༢ ཚུན་གྱི་ སློབ་ཕྲུག་ཡོངས་བསྡོམས་༡༠༧,༠༠༦ ཡོད་མིའི་གྲས་ལས་ སློབ་ཕྲུག་༤༨,༩༠༩ འབདཝ་ད་ བརྒྱ་ཆ་༤༦ གིས་ དུས་ཅི་གི་ ལོ་ཕྱེད་ཆོས་རྒྱུགས་ནང་ལས་ སྐུགས་བརྒྱ་ཆ་༤༠ མན་ཆད་ཐོབ་ནུག།

དེ་གི་གྲངས་སུ་ སློབ་ཕྲུག་བུཚ་༢༥,༥༩༩ དང་ བུམོ་༢༣,༣༡༠ ཡོདཔ་ཨིན་པས།

དེ་ཡང་ འཕྲལ་ཁམས་ཅིག་ཁར་ ཤེས་རིག་ལྷན་ཁག་གིས་ གསར་བཏོན་འབད་མི་ སྤྱི་ལོ་༢༠༢༡ ལོའི་ སློབ་གྲྭ་ཚུ་གི་ ལོ་ཕྱེད་ཆོས་རྒྱུགས་ནང་ སློབ་ཕྲུག་ཚུ་གིས་ སྐུགས་བརྒྱ་ཆ་༤༠ མན་ཆད་ཐོབ་མི་དང་ སློབ་གྲྭའི་བྱ་སྤྱོད་ཐབས་བྱུས་ཀྱི་ མཉམ་སྡེབ་བརྟག་ཞིབ་འབད་བའི་ སྙན་ཞུ་ནང་ གསལ་བཀོད་འབད་ནུག།

ཤེས་རིག་ལྷན་ཁག་གིས་ རྩ་གཞུང་དང་ དབྱེ་ཞིབ་ལམ་ལུགས་ ལེགས་བསྒྱུར་འབད་ནིའི་དོན་ལུ་ དབྱེ་ཞིབ་གཞི་བཀོད་དང་ ལམ་སྟོན་བསྐྱར་ཞིབ་འབད་མི་དེ་ ལག་ལེན་གྱི་དོན་ལས་ དུས་ཅི་ སྤྱི་ཟླ་༦ པའི་ནང་ རྫོང་ཁག་དང་ ཁྲོམ་སྡེ་ཚུ་ལུ་ བྱིན་ཡོདཔ་ཨིན་པས།

དབྱེ་ཞིབ་བསྐྱར་ཞིབ་གཞི་བཀོད་ནང་ སློབ་ཕྲུག་ཚུ་གིས་ དུས་རྒྱུན་དབྱེ་ཞིབ་དང་ ཡིག་ཐོག་གི་ ཆོས་རྒྱུགས་ནང་ལས་ སྐུགས་ཚད་ཉུང་མཐའ་ བརྒྱ་ཆ་༤༠ འཐོབ་པ་ཅིན་རྐྱངམ་གཅིག་ མཐར་འཁྱོལ་བྱུངམ་ཨིན་པས།

སྙན་ཞུ་དང་འཁྲིལཝ་ད་ སྐུགས་ཚད་ཉུང་ཤོས་ཐོབ་མི་ མང་ཤོས་ར་ སློབ་རིམ་༩ པའི་ སློབ་ཕྲུག་ཨིནམ་བཞིན་དུ་ སློབ་ཕྲུག་༧,༢༡༢ ཀྱིས་ བརྒྱ་ཆ་༤༠ འཐོབ་མ་ཚུགས་པའི་ཁར་ སློབ་རིམ་༤ པ་ལས་༨ པའི་ སློབ་ཕྲུག་༢༡,༩༧༦ གིས་ རྩིས་ཀྱི་ཆོས་ཚན་དང་ སློབ་ཕྲུག་༢༡,༠༥༧ གྱིས་ ཚན་རིག་ཆོས་ཚན་གྱི་ ཡིག་ཐོག་ཆོས་རྒྱུགས་ནང་ལས་ སྐུགས་བརྒྱ་ཆ་༤༠ ལས་ཉུང་སུ་སྦེ་ ཐོབ་ཡོད་པའི་ ཤེས་རྟོགས་བྱུང་ནུག།

སློབ་རིམ་༩ པ་ལས་༡༢ པ་ཚུན་གྱི་ཐད་ཁར་ སློབ་ཕྲུག་༡༨,༨༡༨ ཀྱིས་ རྩིས་ཀྱི་ཆོས་ཚན་དང་ ཚན་རིག་གི་ཆོས་ཚན་ རྫས་ཁམས་རིག་པའི་ ཆོས་ཚན་ནང་ སློབ་ཕྲུག་༡༤,༠༧༨ དེ་ལས་ སྐྱེ་ལྡན་རིག་པའི་ནང་ སློབ་ཕྲུག་་༡༣,༧༢༩ དང་ གསོ་རིག་ཆོས་ཚན་ནང་ སློབ་ཕྲུག་༡༣,༦༣༥ གིས་ སྐུགས་ཚད་བརྒྱ་ཆ་༤༠ མན་ཆད་ཐོབ་ནུག།

བརྟག་ཞིབ་ཀྱི་ གནས་སྡུད་ནང་ ཆུ་ཁ་རྫོང་ཁག་གི་ ཕུན་ཚོགས་གླིང་ཁྲོམ་སྡེའི་ སློབ་གྲྭ་༦ དང་ ཆུ་མིག་ཐང་འབྲིང་རིམ་སློབ་གྲྭ་བར་མ་ དེ་ལས་ བསམ་རྩེ་གི་ སྒོམ་ཀྲུ་འབྲིང་རིམ་སློབ་གྲྭ་གོང་མ་ཚུ་མ་བརྩིས་བར་ སློབ་གྲྭ་གཞན་ གཞུང་དང་སྒེར་གྱི་སློབ་གྲྭའི་ སློབ་རིམ་༤ པ་ལས་༡༢ ཚུན་གྱི་ གནས་སྡུད་ག་ར་ བཙུགས་ཏེ་ཡོདཔ་ཨིན་པས།

སློབ་གྲྭ་ཚུ་གིས་ བརྡ་དོན་ཚུ་ཡང་ གཱུ་གུལ་ཤིཊ་ཐོག་ལས་ བརྗེ་སོར་འབད་ཡོདཔ་ད་ གནས་སྡུད་ཚུ་ ཞིབ་དཔྱད་མ་འབད་བའི་ཧེ་མར་ རྫོང་ཁག་དང་ ཁྲོམ་སྡེ་ཚུ་ནང་ཡོད་པའི་ ཤེས་ཡོན་ལྟ་རྟོག་འགོ་དཔོན་ངོ་ཚབ་ཚུ་གིས་ སློབ་གྲྭ་ཚུ་གི་ གནས་སྡུད་བརྒྱ་ཆ་༥༠ དེ་ཅིག་ བརྒྱུད་འཕྲིན་ཐོག་ལས་ བདེན་དཔྱད་འབད་ནུག།

སྙན་ཞུ་དང་འཁྲིལཝ་ད་ སློབ་གྲྭ་ཚུ་གིས་ སློབ་ཕྲུག་ཚུ་གི་ ལས་དོན་དང་ བྱ་སྤྱོད་ཡར་དྲག་གཏང་ནིའི་དོན་ལུ་ ཐབས་བྱུས་མང་རབས་ཅིག་ འགོ་འདྲེན་འཐབ་མི་ཚུ་ཡང་ དཔེ་ཆ་མ་ཤེས་མི་ སློབ་ཕྲུག་ཚུ་གི་དོན་ལས་ ཡར་དྲག་གཏང་ཐབས་ལུ་ བདུན་ཕྲག་གི་ ཆོས་རྒྱུགས་དང་ ལྷག་ནིའི་ལས་རིམ་ལྟ་རྟོག་ལ་སོགས་པ་ཚུ་ འབད་ཡོདཔ་ཨིན་པས།

དེ་བཟུམ་སྦེ་ སློབ་གྲྭའི་དབུ་འཛིན་ཚུ་གིས་ སློབ་ཕྲུག་ཚུ་གི་ བྱ་སྤྱོད་ཚུ་ ཡར་དྲག་གཏང་ནིའི་དོན་ལུ་ བདུན་ཕྲག་རེ་ནང་ ཉིནམ་༢ སྒོམ་རྐྱབ་ནིའི་ལས་རིམ་དང་ སློབ་ཕྲུག་ཚུ་གི་ བྱ་སྤྱོད་ལེགས་བསྒྱུར་འབད་ནི་ལུ་ སློབ་ཁང་གི་ སློབ་དཔོན་ག་རང་གིས་ བྱ་སྤྱོད་ཐོ་བཀོད་འབྲི་དེབ་ རྒྱུན་སྐྱོང་འཐབ་ནི་ལ་སོགས་པའི་ ལས་རིམ་ཚུ་ འགོ་འདྲེན་འཐབ་ཡོདཔ་སྦེ་ སྙན་ཞུ་ནང་བཀོད་ནུག།

རྩ་གཞུང་དང་ དབྱེ་ཞིབ་ལམ་ལུགས་ ལེགས་བསྒྱུར་དེ་ཡང་ དབྱེ་ཞིབ་ལམ་ལུགས་ཡར་དྲག་གཏང་སྟེ་ སློབ་ཕྲུག་ཚུ་གིས་ ངེས་བདེན་ལྷབ་སྦྱང་ཚུ་ ཤེས་ཚུགས་ནིའི་དོན་ལས་ གཞི་བཙུགས་འབད་ཡོདཔ་བཞིན་དུ་ སློབ་གྲྭའི་ཤེས་ཡོན་ལས་ཁུངས་ཀྱི་ ཤེས་ཡོན་ལྟ་རྟོག་སྡེ་ཚན་གྱིས་ སྤྱི་ལོ་༢༠༢༡ གི་ སློབ་ཕྲུག་ཚུ་གི་ ལོ་ཕྱེད་གྲུབ་འབྲས་ཚུ་ བལྟ་ནིའི་དོན་ལུ་ བརྟག་ཞིབ་འགོ་འདྲེན་འཐབ་ཡོདཔ་ཨིན་པས།

ཤེས་རིག་ལྷན་ཁག་གིས་ རྫོང་ཁག་དང་ ཁྲོམ་སྡེ་ཤེས་རིག་ཡིག་ཚང་ཚུ་ ཡི་གུ་བཏང་མི་དང་འཁྲིལཝ་ད་ བརྟག་ཞིབ་སྙན་ཞུའི་ནང་ འབྲེལ་ཡོད་ལས་སྡེ་ཚུ་གིས་ སློབ་ཕྲུག་ཚུ་གི་ ལས་དོན་དེ་ གློ་བུར་དུ་ ཡར་དྲག་གཏང་དགོ་པའི་ བར་འཛུལ་བརྡ་མཚོན་ སྟོན་ནུག་ཟེར་ཨིན་པས།

གལ་སྲིད་ ལོ་བསྟར་ཆོས་རྒྱུགས་ནང་ལས་ མཐར་འཁྱོལ་མ་བྱུང་མི་ སློབ་ཕྲུག་ལེ་ཤ་ཡོད་པ་ཅིན་ སང་ཕོད་ཀྱི་ སློབ་དུས་ནང་ ལོག་དཔེ་ཆ་ལྷབ་མི་ མངམ་འོང་སྲིད་ནི་ཨིན་པའི་ཁར་ ཟད་འགྲོ་ཡང་ ལེ་ཤ་གནས་ནི་མས་ཟེར་ ཡི་གུའི་ནང་བཀོད་ནུག།

དེ་འབདཝ་ལས་ བརྟག་ཞིབ་སྙན་ཞུའི་ནང་ གྲོས་འདེབས་ཚུ་ཡང་ སློབ་ཕྲུག་ཚུ་གིས་ ལོ་བསྟར་ཆོས་རྒྱུགས་ཀྱི་ གྲུབ་འབྲས་ཡར་དྲག་གཏང་ནིའི་དོན་ལུ་ རྫོང་ཁག་དང་ ཁྲོམ་སྡེ་ཤེས་རིག་ཡིག་ཚང་ཚུ་གིས་ བསྐྱར་ཞིབ་འབད་ཡོད་པའི་ དབྱེ་ཞིབ་གཞི་དེ་ དམ་དམ་སྦེ་ར་ གཅིག་མཚུངས་ལག་ལེན་འཐབ་དགོ་པའི་ གྲོས་འདེབས་ཕུལ་ནུག།

རྫོང་ཁག་དང་ ཁྲོམ་སྡེ་གིས་ གློ་བུར་དུ་ ཁྱད་རིག་གོང་འཕེལ་ལས་རིམ་དང་ སློབ་གྲྭ་ཚུ་ནང་ རྒྱབ་སྐྱོར་ལྷན་ཐབས་འབད་ནི་ལུ་ སློབ་ཕྲུག་ཚུ་གིས་ སྐུགས་ཚད་༤༠ ལས་ ཉུང་སུ་ཐོབ་མིའི་ སྙན་ཞུ་ཚུ་ ལག་ལེན་འཐབ་དགོ་ཟེར་ཨིན་པས།

དེ་མ་ཚད་ གྲོས་འདེབས་གཞན་མི་དེ་ ཡར་དྲག་གཏང་ནིའི་དོན་ལུ་ སློབ་གྲྭ་ཚུ་གི་ གྲུབ་འབྲས་དང་ ཐབས་བྱུས་བར་འཛུལ་ཚུ་ དབྱེ་དཔྱད་འབད་དགོཔ་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

དྲིན་ཅན་ཕམ་ལུ་ དྲིན་ལན་འཇལ་དགོ་པའི་རྒྱབ་ཁུངས་དང་ དྲིན་ལན་འཇལ་ནིའི་ཐབས་ལམ།

༉ རང་ཟླ་༩ པའི་ཚེས་༢༢ ལུ་ ལྷ་བབས་དུས་ཆེན་གྱི་ཉིནམ་འདི་ དྲིན་ཅན་ཕ་མའི་ཉིནམ་སྦེ་ བརྩི་སྲུང་ཞུཝ་ཨིན།  དེ་སྦེ་བརྩི་སྲུང་འབད་དགོ་པའི་ དམིགས་ཡུལ་གཙོ་བོ་ར་ དྲིན་ཅན་ཕམ་ལུ་ དྲིན་ལན་འཇལ་དགོཔ་ ཁག་ཆེཝ་ཨིནམ་ ཤེས་ནིའི་དོན་ལུ་ཨིན། ཕམ་ཚུ་ལུ་ དྲིན་ལན་འཇལ་དགོ་པའི་ཁུངས་ …

Leave a Reply

Your email address will not be published. Required fields are marked *