༉ ཨ་རྟག་འབད་བ་ཅིན་ ཤེས་རིག་གི་ སློབ་ཡུན་གསརཔ་འགོ་བཙུགསཔ་ད་ སློབ་དཔོན་དང་ སློབ་ཕྲུག་ཚུ་ སག་ལང་སྟེ་ སློབ་གྲྭ་ནང་ འགྱོ་ནི་ཡོད་མི་དེ་ཡང་ ཟླ་ངོ་ཕྱེད་དང་གཉིས་ལྷགཔ་ཅིག་གི་རིང་ གནམ་དགུན་གྱི་ ངལ་གསོ་ནང་ སྡོད་མི་ལུ་བརྟེན་ཨིན་མས།
ཨིན་རུང་ དུས་ཅི་ རྩི་རང་སྟོད་སློབ་གྲྭ་ལྟེ་བ་ལུ་ སློབ་ཡུན་གསརཔ་ འགོ་བཙུགསཔ་ད་ སློབ་ཕྲུག་ཚུ་ལུ་ སློབ་སྟོན་འབད་སའི་ སློབ་ཁང་མེད་མི་དེ་ སེམས་ཕམ་བྱུང་དགོཔ་ཅིག་ཨིན་མས། ག་འཆརཔ་ཟེར་བ་ཅིན་ སློབ་གྲྭ་སྒོ་ཕྱེས་ཏེ་ བདུན་ཕྲག་༥ དེ་ཅིག་ ལང་ཡོད་རུང་ སློབ་ཕྲུག་ཚུ་ སློབ་གྲྭ་ནང་ འོང་ཞིནམ་ལས་ སློབ་ཁང་མེད་པར་ ཕྱི་ཁ་ལུ་ དུས་ཡུན་ལེ་ཤ་ཅིག་གི་རིང་ ཉིམ་བསྲོ་སྡོད་སར་མཐོངམ་ཨིན་མས།
སློབ་དཔོན་ཚུ་གིས་འབད་བ་ཅིན་ སློབ་སྟོན་འབད་ནི་ལུ་ ཐོ་ཕོག་ཡོད་རུང་ ད་ལྟོ་ དུས་ཚོད་འཕྲོ་བརླག་མ་བཏང་པར་ ཡན་ལག་ལས་སྣ་ཚུ་ འགོ་འདྲེན་འཐབ་སྟེ་ སློབ་ཕྲུག་ཚུ་ འབྲེལ་འཛིན་ཐོག་ བཞག་ཚུགསཔ་ལས་ བློ་བདེ་དགོཔ་ཅིག་ཨིན་རུང་ དཀའ་ངལ་དེ་གིས་ སྔ་གོང་ལས་ གྲ་སྒྲིག་མ་འབད་བར་ འཐུས་ཤོར་བྱུང་པའི་ བརྡ་མཚོན་སྟོནམ་མས།
ང་བཅས་ཀྱིས་ སློབ་གྲྭ་ཅིག་ལུ་བྱུང་མི་ དཀའ་ངལ་གྱི་སྐོར་ལས་ ལོ་རྒྱུས་སླབ་དོ་ཡོདཔ་ལས་ རྒྱལ་ཁབ་ནང་ སློབ་གྲྭ་༥༠༠ ལྷགཔ་ཅིག་ཡོདཔ་ལས་ སློབ་གྲྭ་ལ་ལོ་ཅིག་ནང་ འདི་བཟུམ་མའི་ གདོང་ལེན་ཚུ་ འོང་སྲིད་ནི་ཨིན་མས།
རྩི་རང་སྟོད་སློབ་གྲྭ་ལྟེ་བའི་ དཀའ་ངལ་ལུ་བརྟེན་ དྲི་བ་བཀོད་དགོཔ་ ལེ་ཤ་བྱུང་མི་དེ་ཡང་ མ་གཞི་ སློབ་ཁང་ཚུ་ བསྒྲུབ་མ་ཚུགས་མི་དེ་ ལཱ་དུས་ཚོད་ཁར་ འགོ་བཙུགས་མ་ཚུགས་ནི་དེ་གིས་ ཡུན་འགྱངས་ལུས་ཡོདཔ་སྦེ་ཨིན་རུང་ འཆར་གཞི་ཚུལ་ལྡན་སྦེ་ མ་བརྩམས་པའི་ སྐྱོན་ཅིག་ཨིན་མས།
ད་རེས་ནངས་པར་ ཤེས་ཡོན་གྱི་ སྤུས་ཚད་མར་ཉམས་འགྱོ་དོ་ཡོད་པའི་ ཚ་གྱང་དང་ ན་གཞོན་ཚུ་ལུ་ ལཱ་གཡོག་མ་ཐོབ་མིའི་གྱངས་ཁ་ཡར་སེང་ དེ་ལས་ གྲོང་གཡུས་ལས་ ཁྲོམ་སྡེ་ནང་ གནས་སྤོ་འོང་པའི་དཀའ་ངལ་ཚུ་ ཡར་འཕར་འགྱོ་མི་དེ་ འཆར་གཞི་ལེགས་ཤོམ་མེད་མི་ལུ་བརྟེན་ཨིནམ་སྦེ་ སྐྱོན་བརྗོད་འབདཝ་ཨིན་མས།
དེ་གིས་མ་དོ་བར་ སློབ་གྲྭའི་སློབ་དེབ་དང་ རྩ་གཞུང་ལ་ལོ་ཅིག་ སྤུས་ཚད་དང་ལྡནམ་མེད་པའི་ ཉོགས་བཤད་ཡོད་པའི་ཁར་ ལ་ལོ་ཅིག་གིས་ རྩ་གཞུང་ནང་ ནོར་བ་ཡོད་མི་ཚུ་ མི་སྡེ་བརྡ་བརྒྱུད་ནང་ གསལ་བཀོད་འབད་དེ་འདུག།
ང་བཅས་ཀྱིས་ དཀའ་ངལ་དེ་ཚུ་ ག་དེ་སྦེ་ སེལ་ཐབས་འབད་ནི་ཨིན་ན? ག་ལུ་འགན་འཁྲི་བཀལ་ནི་ཨིན་ན? ང་བཅས་ལུ་ དཀའ་ངལ་བྱུང་མིའི་ གནད་དོན་གཙོ་བོ་ར་ སྲིད་བྱུས་རྩམ་མི་དང་ ཤེས་རིག་མཁན་ཚུ་གི་བར་ན་ མཉམ་འབྲེལ་མེད་མི་ལུ་བརྟེན་ འོང་ནི་ཨིན་མས།
གོང་ལུ་གསལ་བཀོད་འབད་དོ་བཟུམ་ དཀའ་ངལ་གཞན་ལེ་ཤ་ཡོད་མི་དེ་ཡང་ སློབ་གྲྭ་ལྟེ་བ་གཞི་བཙུགས་འབད་ཞིནམ་ལས་ཚུར་ སློབ་གྲྭ་ལ་ལོ་ཅིག་ནང་ སློབ་ཕྲུག་ཚུ་ལུ་ ཟས་བཅུད་ལྡན་པའི་ བཞེས་སྒོ་མ་ཐོབ་པའི་ དཀའ་ངལ་དང་ བཀྲམ་སྤེལ་བ་ལ་ལོ་གིས་ སྤུས་ཚད་མེད་པའི་ སྒྲིག་གོ་དང་ ལྷམ་དེ་ཚུ་ བགོ་བཀྲམ་འབད་བའི་ ཉོགས་བཤད་ཚུ་ འབྲེལ་ཡོད་དབང་འཛིན་ལུ་ལྷོད་ནུག།
མ་གཞི་ དཀའ་ངལ་དེ་ཚུ་གི་སྐོར་ལས་ ན་ཧིང་ ལོ་མཇུག་ལུ་ གཞམལ་སྒང་རྫོང་ཁག་ པཱན་སྦང་དྲུང་ཁག་ནང་ ལོ་བསྟར་ཤེས་རིག་གྲོས་ཚོགས་ འཚོགས་པའི་སྐབས་ གྲོས་བསྡུར་འབད་ཡོད་རུང་ གྲོས་ཐག་ག་དེ་སྦེ་ བཅད་ཡོདཔ་ཨིན་ན་ མི་མང་ལུ་ དྭངས་གསལ་མ་བཟོ་བས།
འདི་དང་གཅིག་ཁར་ ཤེས་རིག་རྩ་གཞུང་དང་ རྒྱབ་སྐྱོར་སྡེ་ཚན་གྱིས་ སློབ་གྲྭའི་དཔེ་དེབ་དང་ རྩ་གཞུང་ཚུ་ པར་སྐྲུན་གྱི་དོན་ལས་ རིན་བསྡུར་འབདཝ་ད་ དྭངས་གསལ་ཐོག་ མ་འབད་བ་ཅིན་ གཡོ་སྒྱུ་དང་ ངན་ལྷད་ཞུགས་ཉེན་ཡོདཔ་ལས་ རིན་བསྡུར་གྱི་ ལམ་སྟོན་དང་ སྒྲིག་གཞི་ཚུ་ཡང་ བསྐྱར་ཞིབ་འབད་དགོཔ་འདུག།
Check Also
ལེགས་བཅོས་དང་ ཡར་རྒྱས་འགྱོ་ཚུགས་པའི་རེ་བ།
༉ འབྲུག་ཕུཊ༌བཱོལ་ཚོགས་པའི་གཙོ་འཛིན་ ཨྱོན་ཚེ་ཁྱབ་དེ་ ཨེ་ཤི་ཡཱན་ཕུཊ་བཱོལ་ཚོགས་པའི་ གཙོ་འཛིན་འོགམ་སྦེ་ བཙག་འཐུ་འབད་ཡོདཔ་ད་ དེ་ཡང་ བྷ་རཱེན་རྒྱལ་ཁབ་ མ་ན་མ་ས་གནས་ལུ་སྦེ་ ཨེ་ཤི་ཡཱན་ཕུཊ་བཱོལ་ཚོགས་པའི་ མཐུན་འབྲེལ་ཞལ་འཛོམས་ ཐེངས་༣༣ པ་འཚོགས་པའི་སྐབས་ བྱུང་ཡོདཔ་ཨིན་པས། གཙོ་འཛིན་འོགམ་སྦེ་ …