ཤེས་རིག་གི་ མདུན་སྐྱོད་ནང་ ལེགས་པའི་བསྒྱུར་བ།

༉ འདས་པའི་ཉིནམ་དག་པ་ཅིག་གི་རིང་ ཤར་ཕྱོགས་ལུང་ཕྱོགས་ནང་ ཤེས་རིག་གི་ལེགས་བསྒྱུར་དང་ ཡར་རྒྱས་འགྱོ་མི་དེ་ ལེགས་པའི་བརྡ་མཚོན་ཅིག་ཨིནམ་ལས་ ང་བཅས་ར་ ངལ་རངས་དང་ དཔའ་ཉམས་བསྐྱེད་དགོ་པའི་ གཞི་གནད་ཅིག་ཨིན་མས།
རྒྱལ་ཁབ་ཀྱི་ གོང་འཕེལ་བྱ་རིམ་ནང་ མེད་ཐབས་མེདཔ་ཅིག་ཨིན་མི་ ཤེས་རིག་གནད་དོན་ནང་ འདི་བཟུམ་མའི་ ཡར་ཐོན་གྱི་འགྱུར་བ་ འབག་འོང་ཚུགས་མི་དེ་གིས་ མ་འོངས་ཤེས་རིག་གི་ལམ་ལུགས་ རྩ་བརྟན་བཟོ་ཚུགས།
དེ་ཡང་ སྤྱི་ཟླ་༡༠ པའི་ཚེས་༦ ལུ་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ མོང་སྒར་རྒྱལ་པོའི་ཞིང་ལུ་ བརྡ་དོན་འཕྲུལ་རིག་མཐོ་རིམ་སློབ་གྲྭ་ སྒོ་འབྱེད་མཛད་ཡོདཔ་ད་ མཐོ་རིམ་སློབ་གྲྭ་དེ་གིས་ རྒྱལ་ཁབ་ཀྱི་ དཔལ་འབྱོར་གོང་འཕེལ་འགྱོ་བའི་ ནམ་དུས་ལུ་ དོ་འགྲན་ཅན་དང་ སྤུས་ཚད་ཅན་ དེ་ལས་ ཁྱད་རིག་ཅན་གྱི་ བརྡ་དོན་འཕྲུལ་རིག་པའི་ དགོས་མཁོ་སྦོམ་ཡོད་མི་དེ་ འགྲུབ་ནི་ལུ་ ལྷན་ཐབས་འབད་ཚུགས།
ད་ལྟོ་བཟུམ་འབད་བ་ཅིན་ བརྡ་དོན་འཕྲུལ་རིག་མཐོ་རིམ་སློབ་གྲྭ་དེ་ནང་ སློབ་ཕྲུག་༧༩ དང་ ལེགས་སྦྱར་བ་༡༣ དེ་ལས་ རྒྱབ་སྐྱོར་ལས་བྱེདཔ་༣༠ འདུག།
མཐོ་རིམ་སློབ་གྲྭ་ གཞི་བཙུགས་འབད་ནིའི་དོན་ལུ་ རྒྱལ་པོའི་ཞིང་སློབ་གྲྭ་ལྟེ་བའི་ ས་ཁོངས་འོགམ་དེ་ རྩིས་སྤྲོད་འབད་དགོཔ་ཐོན་མི་ལུ་བརྟེན་ ད་ལྟོ་གནས་སྐབས་ཅིག་གི་དོན་ལུ་ སློབ་གྲྭ་ལྟེ་བ་དེ་ནང་ གཞི་རྟེན་མཐུན་རྐྱེན་ཚུ་ ལང་མ་ཚུགས་པའི་ དཀའ་ངལ་བྱུང་སྟེ་ཡོདཔ་ད་ ཨིན་རུང་ དཀའ་ངལ་དེ་ སྦོམ་ཅིག་མེནམ་ལས་ འཕྲལ་མགྱོགས་ར་ སེལ་ཐབས་འབད་ནི་ཨིནམ་ད་ མ་གཞི་ སོར་སྒྱུར་གྱི་གནས་སྟངས་ནང་ ག་ཏེ་འབད་རུང་ བྱ་སྟབས་མ་བདེཝ་དང་ གདོང་ལེན་ཚུ་ རང་བཞིན་གྱིས་ བྱུངམ་ཨིན།
དེ་བཟུམ་སྦེ་ སྤྱི་ཟླ་༡༠ པའི་ཚེས་༨ ལུ་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ བཀྲིས་སྒང་བཀང་ལུང་ལུ་ ཡོན་ཕུ་ལ་བརྒྱ་འཁོར་མཐོ་རིམ་སློབ་གྲྭ་ སྒོ་འབྱེད་མཛད་མི་དེ་བརྩིསཝ་ད་ ཤར་ཕྱོགས་ལུང་ཕྱོགས་ནང་ ཤེས་རིག་རྒྱ་བསྐྱེད་འབད་དེ་ཡོད་པའི་ མཐོ་རིམ་སློབ་གྲྭ་༤ ཡོདཔ་ད་ དེ་ཡང་ བདེ་བ་ཐང་ འཇིགས་མེད་རྣམ་རྒྱལ་འཕྲུལ་རིག་མཐོ་རིམ་སློབ་གྲྭ་དང་ མོང་སྒར་ རྒྱལ་པོའི་ཞིང་བརྡ་དོན་འཕྲུལ་རིག་མཐོ་རིམ་སློབ་གྲྭ་ བཀྲིས་གཡང་རྩེ་ རིག་གནས་མཐོ་རིམ་སློབ་གྲྭ་ དེ་ལས་ བཀྲིས་སྒང་ ཡོན་ཕུ་ལ་བརྒྱ་འཁོར་མཐོ་རིམ་སློབ་གྲྭ་ཨིན་མས།
མ་གཞི་ ཡོན་ཕུ་ལ་བརྒྱ་འཁོར་མཐོ་རིམ་སློབ་གྲྭ་དེ་ ཤེས་རིག་ལྷན་ཁག་གིས་ སློབ་གྲྭའི་སློབ་དཔོན་ཆ་མཉམ་ལུ་ མཐོ་རིམ་གོང་མའི་ ཤེས་ཡོན་བྱིན་ནིའི་དོན་ལུ་ འཆར་གཞི་བརྩམས་མི་དང་འཁྲིལ་ཏེ་ བཟོ་ཡོདཔ་ཨིན་མས།
ཤེས་རིག་ལས་སྡེ་ནང་ འདི་བཟུམ་མའི་ ཕན་གནད་ཆེ་བའི་ ལེགས་བསྒྱུར་འབད་དགོཔ་ ཁག་ཆེ་མི་དེ་ཡང་ འབྲུག་གི་ ཆེ་རིམ་སློབ་ཁང་ཚུ་གི་ ལྕོགས་གྲུབ་ཐད་ཁར་ ཡར་སེང་སྦོམ་སྦེ་ར་ འབད་ཚུགས་པའི་ འོས་འབབ་ཡོད་ནི་དེ་གིས་ཨིན།
ད་ལྟོ་བཟུམ་འབད་བ་ཅིན་ ཁྱད་རིག་སྦྱང་ནིའི་གདམ་ཁ་དང་ མཐོ་རིམ་སློབ་གྲྭའི་གྱངས་ཁ་ ཉུང་སུ་ཅིག་ལས་བརྒལ་མེད་ནི་དེ་གིས་ འབྲུག་པའི་སློབ་ཕྲུག་ སྟོང་ཕྲག་ལས་བཅད་མི་ཚུ་གིས་ མཐོ་རིམ་ཤེས་ཡོན་སྦྱང་ནིའི་དོན་ལུ་ ཕྱིའི་རྒྱལ་ཁབ་ དམིགས་བསལ་དུ་ རྒྱ་གར་ལུ་ འགྱོཝ་ཨིན་མས།
ཕམ་ཉམ་ཆུང་གི་ སློབ་ཕྲུག་ཨ་ལོ་ཚུ་གི་ཐད་ཁར་ འབྲུག་ནང་འཁོད་ཀྱི་ མཐོ་རིམ་སློབ་གྲྭ་ཚུ་ནང་ གོ་སྐབས་མ་ཐོབ་པ་ཅིན་ རྒྱལ་ཁབ་ཕྱི་ཁར་ ཆེ་རིམ་ཤེས་ཡོན་སྦྱང་པར་གཏང་ནི་དེ་ དོ་འགྲན་ཅན་ཅིག་ཨིན་མས།
ཤེས་རིག་གི་ སློབ་ཁང་ལེགས་ཤོམ་ཚུ་ གཞི་བཙུགས་འབད་བ་ཅིན་ མ་འོངས་པ་ལུ་ རྒྱལ་ཁབ་ཀྱི་ གོང་འཕེལ་དོན་ལས་ ལྕོགས་གྲུབ་ཅན་གྱི་ མི་སྟོབས་ཐོན་སྐྱེད་འབད་ཚུགས་ནི་ཨིནམ་ལས་ ད་ལས་ཕར་འབད་རུང་ འབྲུག་པའི་ན་གཞོན་ཚུ་གིས་ ཁྱད་རིག་ལྡན་པའི་ ཤེས་ཡོན་སྦྱང་ཚུགས་ནིའི་དོན་ལུ་ སྤུས་ཚད་ཅན་གྱི་ ཆེ་རིམ་སློབ་ཁང་ཚུ་ ག་དེ་མང་མང་ གཞི་བཙུགས་འབད་དགོཔ་འདུག་ཟེར་ ཞུ་ནི་ཨིན།

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *